ཨེ་ཤ་ཡཱ་གླིང་གི་མཉམ་ལས་གྲོས་མོལ་གྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་གསུམ་པ་ཚེས3ཉིན་ཁཱ་ཐར་གྱི་ཏའོ་ཧཱ་ནས་བསྡུས། གྲོས་ཚོགས་ཀྱི་བརྗོད་དོན་ནི་ལུས་རྩལ་ཕྱི་འབྲེལ་ཡིན། ཁཱ་ཐར་གྱི་འགོ་ཁྲིད་པ་ཐཱ་མུས་མུའུ་ཡིས་འགོ་འཛིན་བྱས་པ་དང་། ཨེ་ཤ་ཡཱ་གླིང་གི་མཉམ་ལས་གྲོས་མོལ་གྱི་ད་ལྟའི་ཀྲུའུ་ཞིའི་རྒྱལ་ཁབ་དབྱི་ལིང་དང་འགན་ཁུར་བར་སྒུག་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཐེ་གོ་སོགས་ཁོངས་གཏོགས་རྒྱལ་ཁབ་སོ་གསུམ་གྱི་འཐུས་མི་གྲོས་ཚོགས་ལ་ཞུགས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཡུང་ཞིན་གྱིས་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཀྲུའུ་ཡུང་ཞིན་གྱིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས་ལ། བརྗེ་རེས་དཔེར་ལེན་ལ་སྐུལ་འདེད་གཏོང་དགོས་པ་དང་། ལག་རྡང་སྦྲེལ་ནས་ཞི་བདེ་གཏན་འཇགས་དང་དར་རྒྱས་མཛེས་སྡུག མཛའ་མཐུན་མཉམ་གནས་ཀྱི་ཨེ་ཤ་ཡཱ་གླིང་གི་ཁྱིམ་གཞིས་འཛུགས་སྐྲུན་བྱས་ཏེ། ཨེ་ཤ་ཡཱ་གླིང་གི་ལས་སྐལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ། ལུས་རྩལ་ཕྱི་འབྲེལ་གྱི་ནུས་པ་འདོན་སྤེལ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ལག་རྡང་སྦྲེལ་ནས་ཨེ་ཤ་ཡཱ་གླིང་གི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་ཨེ་ཤ་ཡཱ་གླིང་གི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།