ཧེ་ཐིའི་སྨྱན་བྱད་ཀྱིས་དྲག་ཆས་ཉེས་ཅན་གྱིས་ཧེ་ཐིའི་མཁར་གྲོང་ཞིག་ལ་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི50རྐྱེན་ལམ་དུ་ཤོར་ཡོད་པར་བཤད།
2024.10.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཧེ་ཐིའི་སྨྱན་བྱད་ཀྱིས་ཚེས4ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཕིན་སིང་ཏི་མཁར་གྲོང་དུ་ཚེས3ཉིན་དྲག་ཆས་ཉེས་ཅན་གྱི་སྐོར་ཞིག་གི་འཇབ་རྒོལ་ཐེབས་པ་དང་། མིག་སྔར་ཉུང་མཐར་ཡང་མི50རྐྱེན་ལམ་དུ་ཤོར་ཡོད་ལ། མཁར་ནང་གི་ཁང་བ་མང་བོ་མེར་བསྲེག་ཡོད་ཟེར།

ཧེ་ཐིའི་སྲིད་གཞུང་གིས་ཚེས4ཉིན་གྱི་སྔ་དྲོར་སྤྱི་སྒྲོག་སྤེལ་ཏེ། དྲག་ཆས་ཉེས་ཅན་གྱིས་ཕིན་སིང་ཏི་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། སྤྱི་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་ལས་ས་དེའི་མི་སེར་དཀྱུས་མ་མང་བོར་ཤི་རྨས་བཟོས་པ་དང་། བྱེ་བྲག་གི་མི་གྲངས་བསྡོམས་རྩིས་བྱེད་དཀའ། མིག་སྔར་ཧེ་ཐིའི་རྒྱལ་ཁབ་ཉེན་རྟོག་པས་རྒྱལ་ས་རྒྱལ་སྲས་གྲུ་ཁ་ནས་དམག་དཔུང་སྐོང་འཐེན་བྱས་ཏེ་ཕིན་སིང་ཏིའི་སྒྲིག་ལམ་སྲུང་བཞིན་ཡོད་ཟེར་ཟེར།

ཧེ་ཐིའི་ཙུང་ལི་ཁི་ནེ་ཡེ་ཡིས་ཚེས4ཉིན་གྱི་སྔ་དྲོར་སྨྱན་བྱད་བརྒྱུད་ནས་བསྟན་དོན། སྲིད་གཞུང་གིས་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཡོངས་ཀྱི་སྤྱི་བའི་སྒྲིག་ལམ་སླར་གསོ་བྱེད་རྒྱུ་མ་ཟད། ནག་ཉེས་བཟོ་བའི་ཉེས་ཅན་ལ་ཆད་གཅོད་ནན་མོ་བྱེད་རྒྱུ་ཡིན་ཟེར། ཁོས་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། མཉམ་དུ་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱི་སྤུན་ཟླར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་དོན་གཅོད་ཁང་གིས་ཚེས4ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཕིན་སིང་ཏི་ལ་འཇབ་རྒོལ་བྱས་པའི་དྲག་ཆས་ཉེས་ཅན་དག་ནི་ས་དེའི་ནག་ཚོགས་ལས་ཡོང་བ་དང་། ཁོ་ཚོས་རང་འགུལ་མེ་མདའ་བཀོལ་ནས་མང་ཚོགས་ལ་མེ་མདས་བརྒྱབ་སྟེ། ཉུང་མཐར་ཡང་མི70རྐྱེན་ལམ་དུ་ཤོར་ཡོད་ལ། དེའི་ནང་བུད་མེད10དང་བྱིས་པ3འདུས་ཟེར། དེ་ལས་གཞན་དྲག་ཆས་ཉེས་ཅན་གྱིས་ད་རུང་ཉུང་མཐར་ཡང་ས་དེའི་ཁང་བ45མེར་བསྲེག་པ་དང་། སྡོད་དམངས་མང་བོ་ཡུལ་འཁྱམས་བྱེད་བཞིན་ཡོད་ཟེར། སྤྱི་སྒྲོག་ལས་ནན་གྱིས་བསྟན་དོན། ཧེ་ཐིའི་དབང་འཛིན་ལས་ཁུངས་ཀྱིས་ངེས་པར་དུ་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་མྱུར་མོར་བརྩད་ཞིབ་གསལ་བོ་བྱས་ཏེ། ནག་ཉེས་བཟོ་མཁན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།