དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་གྱིས་མ་འོངས་པར་སྔར་བཞིན་དུས་ཚོད་འོས་འཚམ་ནང་དབྱི་སི་རལ་ལ་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།
2024.10.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་ཚེས་བཞི་ཉིན་བཤད་རྒྱུར། གཉའ་གནོན་ཁུར་མི་འདོད་པའི་རྒྱལ་ཁབ་ཚང་མ་ངེས་པར་དུ་རྨོངས་གཉིད་ལས་སད་དེ་མཉམ་ལས་བྱེད་དགོས་ཟེར། ཁོས་དབྱི་ལིང་གིས་མ་འོངས་པར་སྔར་བཞིན་དུས་ཚོད་འོས་འཚམ་ནང་དབྱི་སི་རལ་ལ་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་མཱེ་ནེ་དབྱེ་ཡིས་ཚེས4ཉིན་ཏི་ཧེ་ལན་ནས་མཛད་སྒོར་མགོ་འཛིན་བྱས་ཏེ་ཉེ་སྔོན་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བ་བའི་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ནཱ་སི་ལུའུ་ལཱ་ལ་མྱ་ངན་ཞུས། ཁོས་ཡོངས་བསྒྲགས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། དབྱི་ལིང་གི་དགྲ་བོ་དེ་ལེ་པཱ་ནུན་དང་ཕཱ་ལེ་སི་ཐན། དབྱི་རག ཨེ་ཅིབ། སི་རི་ཡཱ། ཡེ་མིན་བཅས་ཀྱི་དགྲ་བོའང་ཡིན་པས། དགྲ་བོས་དུས་མཉམ་དུ་བསམ་པའི་ཁྱད་གསོད་དང་། དཔལ་འབྱོར་གྱི་གནོན་ཤུགས།  དྲག་ཤུགས་བཅས་སྤྱོད་བཞིན་ཡོད། གལ་ཏེ་བྱེད་ཐབས་དེར་རྒྱལ་ཁབ་གཅིག་ནས་ལེགས་འགྲུབ་བྱུང་ན། ཁོ་ཚོས་རྒྱལ་ཁབ་གཞན་པ་ཞིག་གི་མགོར་བཙན་པོ་གཉའ་འཇོག་བྱེད་སྲིད་ཟེར། ཁོས་གཉའ་གནོན་ཁུར་མི་འདོད་པའི་རྒྱལ་ཁབ་དག་གིས་ངེས་པར་དུ་མཐུན་སྒྲིལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧཱ་མཱེ་ནེ་དབྱེ་ཡིས་བསྟན་དོན། དབྱི་ལིང་གི་དྲག་ཆས་དམག་དཔུང་གིས་ཚེས1ཉིན་གྱི་དགོང་མོར། དབྱི་སི་རལ་ལ་དམག་དོན་ཆམ་ཕབ་བཏང་བའི་འགུལ་སྐྱོད་ནི་དབྱི་སི་རལ་དང་ཨ་མེ་རི་ཁས་བཟོས་པའི་ནག་ཉེས་ལ་ཆད་གཅོད་ཆུང་ངུ་ཞིག་བྱས་པ་ཡིན་ཟེར། ཁོས་གལ་ཏེ་དགོས་མཁོ་ཡོད་ན་ང་ཚོས་ཡང་བསྐྱར་དེ་ལྟར་བྱེད་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།