ཧྥ་རན་སིའི་སྐད་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས19བ་ཧྥ་རན་སི་ནས་བསྡུས།
2024.10.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཧྥ་རན་སིའི་སྐད་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས19བ་ཚེས4ཉིན་གྱི་ཕྱི་དྲོར་ཧྥ་རན་སིའི་བྱང་ཕྱོགས་ཀྱི་ཝེ་ལའེ་ཁི་ཐི་ལོས་ནས་བསྡུས།

སྐབས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། བརྗོད་སྙིང་ནི་ཧྥ་རན་སིའི་སྐད་བཀོལ་ནས་གསར་གཏོད་དང་གསར་སྐྲུན། ལས་སྐྲུན་བཅས་བྱེད་དགོས་ཞེས་པ་དེ་ཡིན་ལ། རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་བཅུ་ཕྲག་འགའ་གྲོས་ཚོགས་ལ་ཞུགས།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། གླིང་ཆེན་ལྔ་གང་རུང་དུ་ཧྥ་རན་སིའི་སྐད་བེད་སྤྱོད་བྱེད་མཁན་ཡོད་པ་དང་། ཧྥ་རན་སིའི་སྐད་བཀོལ་བའི་རྒྱལ་ཁབ་དང་ས་ཁུལ་གྱིས་ཕྱི་འབྲེལ་ཤུགས་རྐྱེན་གཅིག་སྒྲིལ་བྱས་ཏེ། མཉམ་དུ་འཛམ་གླིང་ཡོངས་ཀྱི་ཉམས་ཉེན་དང་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར།

ཧྥ་རན་སིའི་སྐད་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལུའུ་དབྱེ་སི་མུའུ་ཞེ་ཅི་ཝ་པའོ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། རྩ་འཛུགས་དེས་འཛམ་གླིང་གི་སྐད་བརྡའི་སྣ་མང་རང་བཞིན་གྱི་རྨང་གཞིའི་སྟེང་ཧྥ་རན་སིའི་སྐད་ཁྱབ་གདལ་དུ་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་པ་དང་། རིམ་བཞིན་རྒྱལ་སྤྱིའི་ཐུན་མོང་གནད་དོན་ཐག་གཅོད་བྱེད་པའི་ཕྱི་འབྲེལ་དང་མཉམ་ལས་ཀྱི་སྟེགས་བུ་འཛུགས་དགོས་ཟེར།

ཧྥ་རན་སིའི་སྐད་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་དེ1970ལོར་བཙུགས་པ་དང་། སྤྱི་ཁྱབ་པུའུ་ཧྥ་རན་སིའི་ཕཱ་རེ་སི་རུ་བཙུགས་ཡོད། 1986ལོ་ནས་བཟུང་མགོ་གཙོའི་གྲོས་ཚོགས་བསྡུས་པ་དང་། དེའི་རྗེས་སུ་ལོ་གཉིས་ནང་གྲོས་ཚོགས་ཐེངས་རེ་སྤེལ་བ་རེད། ཧྥ་རན་སིའི་སྐད་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ལ་མིག་སྔར་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ54ཡོད་པ་དང་། ཚད་ལྡན་ཁོངས་གཏོགས་རྒྱལ་ཁབ7དང་ལྟ་ཞིབ་པ27ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།