ལི་ཐའོ་ཝན་གྱི་གྲོས་ཁང་གིས་ཚེས3ཉིན་ལི་ཐའོ་ཝན་དང་འཇར་མན་གྱི་འགོག་སྲུང་མཉམ་ལས་གྲོས་མཐུན་ལ་ཆོག་མཆན་བཀོད་པ་དང་། ལི་ཐའོ་ཝན་དུ་བཅའ་སྡོད་བྱེད་པའི་འཇར་མན་གྱི་དམག་དཔུང་གི་ཁེ་དབང་སྣ་ཚོགས་གཏན་འཁེལ་ཞིབ་རྒྱས་བྱས་ཏེ། འཇར་མན་གྱིས་ལི་ཐའོ་ཝན་ལ་རྒྱུན་སྡོད་དམག་མི་མངག་གཏོང་བྱེད་པར་གྲ་སྒྲིག་བྱས།
ཚེས3ཉིན་གྱི་གྲོས་ཁང་གི་གྲོས་ཚོགས་ལ་ཞུགས་པའི་གྲོས་མི88པོ་ཚང་མ་ཡིད་འཐད་བྱུང་བ་རེད། ལི་ཐའོ་ཝན་དང་འཇར་མན་གྱིས་ཟླ9བའི་ཚེས13ཉིན་པའོ་ལིན་ནས་གོང་གི་གྲོས་མཐུན་དེ་བཀོད་པ་རེད།
ལི་ཐའོ་ཝན་གྱི་རྒྱལ་སྲུང་པུའུ་ཀྲང་ཁཱ་སི་ཁྱིག་ནཱ་སི་ཡིས་གྲོས་ཁང་གིས་བརྡས་ཐག་བཅད་དེ་གྲོས་མཐུན་བཀོད་རྗེས་བསྟན་དོན། གྲོས་མཐུན་དེར་ཆོག་མཆན་བཀོད་པ་ལས་ལི་ཐའོ་ཝན་དང་འཇར་མན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་ལི་ཐའོ་ཝན་དུ་འཇར་མན་གྱི་དམག་དཔུང་བཀོད་སྒྲིག་བྱེད་པ་ནི་ལྡོག་མེད་ཀྱི་དོན་དངོས་ཤིག་ཡིན་པ་མཚོན་ཡོད་ཟེར།
2023ལོའི་ཟླ12བའི་ཚེས18ཉིན། འཇར་མན་དང་ལི་ཐའོ་ཝན་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་པུའུ་ཀྲང་གིས་འཇར་མན་གྱི་དམག་དཔུང་དུས་གཏན་དུ་ལི་ཐའོ་ཝན་དུ་བཀོད་སྒྲིག་བྱེད་པའི་གྲོས་མཐུན་བཀོད་པ་དང་། འཇར་མན་གྱི་དམག་མི་སྟོང་ལྔ་ཙམ་ལི་ཐའོ་ཝན་གྱི་ཨུ་རུ་སི་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱེད་རྒྱུ་རེད། དེ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་བའི་ཚུན་ལ། འཇར་མན་གྱིས་ཐོག་དང་པོར་ཕྱི་རྒྱལ་དུ་རྒྱུན་སྡོད་དམག་དཔུང་བཀོད་སྒྲིག་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།