ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཚེས4ཉིན་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་ལ་ཁ་པར་བཏང་སྟེ། ལེ་པཱ་ནུན་གྱི་གནས་བབ་དང་དབྱི་སི་རལ་གྱི་དབུས་ཤར་ས་ཁུལ་གྱི་ཐལ་དྲགས་པའི་བྱ་སྤྱོད་ལ་གྲོས་བསྡུར་བྱས།
ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་པུའུ་ཏུའུ་ལེ་ཨ་ཐིས་དང་ཧྥེ་སཱ་ཨར་གཉིས་ཀྱིས་དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། ཨེ་ཅིབ་དང་སོ་ཏི་ཨ་རབ་ཀྱིས་མུ་མཐུད་དུ་འདུམ་འགྲིག་བྱེད་པར་འབད་འབུངས་བྱས་ཏེ། དབྱི་སི་རལ་གྱིས་ལེ་པཱ་ནུན་དང་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་འཇབ་རྒོལ་བྱས་པ་ལས་ས་ཁུལ་དེར་བཟོས་པའི་ཉེན་ཁ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
ཕྱོགས་གཉིས་ཀྱིས་ཁ་ཚ་དགོས་གཏུག་གི་གནད་དོན་ནི་ལེ་པཱ་ནུན་གྱི་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གང་རུང་འདོན་སྤྲོད་བྱེད་རྒྱུ་དེ་ཡིན་པ་ནན་བཤད་བྱས་པར་མ་ཟད། ལེ་པཱ་ནུན་དང་དེའི་རྒྱལ་ཁབ་ལས་ཁུངས་ཀྱིས་རང་གི་མངའ་ཁོངས་སུ་འགན་འཁྲི་ལག་བསྟར་བྱེད་པ་དང་། རང་གི་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་དུ་འཇུག་དགོས་ཟེར།
དེ་ལས་གཞན། ཕྱོགས་གཉིས་ཀྱིས་ད་རུང་ལེ་པཱ་ནུན་གྱི་བདེ་འཇགས་དང་བདག་དབང་ལ་གཏོར་བརླག་གཏོང་བའི་གཡོ་ཇུས་གང་རུང་ལ་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་གི་གཏན་འཁེལ་ལག་བསྟར་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགན་འཁྲི་ཁུར་དུ་བླངས་ནས། ལེ་པཱ་ནུན་དང་ཅཱ་ཧྲ་ས་ཁུལ་དུ་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།