ཨ་མན་གྱི་དཔོན་རིགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་བོ་ཨ་མན་གྱི་གྲོང་ཁྱེར་འཆར་འགོད་ལས་གཞིའི་ནང་ཞུགས་པར་དགའ་བསུ་བྱེད་པའི་ཚུལ་བསྟན།
2024.10.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཨ་མན་གྱི་སྡོད་ཁང་དང་མཁར་གྲོང་འཆར་འགོད་ཀྱི་བློན་ཆེན་ཧྲུའུ་དབྱེ་ལི་ཡིས་ཚེས7ཉིན་བཤད་རྒྱུར། ཀྲུང་གོའི་གྲོང་ཁྱེར་འཆར་འགོད་ཐད་ཀྱི་ནུས་པས་ཀུན་ལ་བག་ཆགས་ཟབ་མོ་བཞག་ཡོད་ལ། སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་དག་ཨ་མན་གྱི་གྲོང་ཁྱེར་འཆར་འགོད་ལས་གཞིའི་ནང་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཨ་མན་གྱི་སྡོད་ཁང་དང་གྲོང་ཁྱེར་འཆར་འགོད་པུའུ་ཡིས་གཙོ་སྒྲུབ་བྱས་པའི་ཟླ་བཅུ་བའི་གྲོང་ཁྱེར་ཚོགས་ཆེན་ཞེས་པ་ཚེས7ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐིའི་ཨ་མན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་ཚོགས་མགོ་བརྩམས། ཧྲུའུ་དབྱེ་ལི་ཡིས་གྲོས་ཚོགས་སྐབས་སུ་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོས་ཐེངས་མང་བོར་ཀྲུང་གོར་འཚམས་འདྲི་བྱས་པ་དང་། གྲོང་ཁྱེར་མང་བོར་སོང་མྱོང་། འཆར་འགོད་དང་ལག་རྩལ་རིམ་པ་གང་ཡིན་ཡང་ཀྲུང་གོའི་གྲོང་ཁྱེར་གྱི་འཛུགས་སྐྲུན་ནུས་པ་དེ་ཀུན་གྱིས་ཡིད་སྨོན་བྱེད་པ་ཞིག་རེད་ཟེར།

ཧྲུའུ་དབྱེ་ལི་ཡིས་བསྟན་དོན། ཀྲུང་གོའི་གྲོང་ཁྱེར་འཛུགས་སྐྲུན་གྱིས་ཁོ་ལ་བག་ཆགས་ཆེས་ཟབ་མོ་བཞག་པ་ནི་ཚན་རྩལ་ནུས་སྩོལ་དང་རང་བྱུང་སྲུང་སྐྱོབ་གཉིས་ཡིན་ཟེར། ཀྲུང་གོའི་སྟོབས་དང་ལྡན་པའི་རྨང་གཞིའི་འཛུགས་སྐྲུན་ནུས་པ་འཛམ་གླིང་ཡོངས་ལ་སྐད་གྲགས་ཆེ། མིག་རང་ཀྲུང་གོའི་རྨང་གཞིའི་འཛུགས་སྐྲུན་ཁེ་ལས་དག་ཨ་མན་གྱི་ལས་གཞིའི་ནང་ཞུགས་ཡོད་ལ། སྔར་ལས་མང་བའི་གྲོང་ཁྱེར་འཆར་འགོད་ལ་འབྲེལ་བའི་ཀྲུང་གོའི་ཁེ་ལས་དག་ཨ་མན་གྱི་གྲོང་ཁྱེར་འཛུགས་སྐྲུན་ནང་ཞུགས་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ཐེངས་འདིའི་ཟླ་བཅུ་བའི་གྲོང་ཁྱེར་ཚོགས་ཆེན་གྱི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། ཧེ་སེ་མུའུ་སུའུ་ཏན་མཁར་དང་ཏཱ་མཱ་སི་ཁཱ་ཐི་ས་ཁུལ་གྱི་གྲུབ་ཚུལ་འཆར་འགོད་ལས་གཞི་སོགས་ཨ་མན་གྱི་འཛུགས་སྐྲུན་བྱེད་བཞིན་པ་དང་འཛུགས་སྐྲུན་བྱེད་ལ་ཉེ་བའི་ལས་གཞི་ཆེན་པོ་མང་བོ་གཅིག་བསྡུས་ཀྱིས་མངོན་ཡོད་པ་དང་། གྲོང་ཁྱེར་གྱི་འཆར་འགོད་དང་ས་ཁོངས་བདག་ཁང་ཁྱབ་ཁོངས་ཀྱི་དངུལ་གཏོང་མཁན་དང་ཆེད་མཁས་པ་ཚོགས་ཆེན་ལ་ཞུགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།