ཕཱ་ཁི་སི་ཐན་གྱི་ལས་རིགས་སོ་སོས་ཀྲུང་གོའི་ཁེ་ལས་ཀྱི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།
2024.10.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཕཱ་ཁི་སི་ཐན་གྱི་ལས་རིགས་སོ་སོས་ཚེས7ཉིན་ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁཱ་ལཱ་ཆི་ནས་བྱུང་བའི་ཀྲུང་གོའི་ཁེ་ལས་ཀྱི་རླངས་འཁོར་རུ་ཁག་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏཱ་ལི་ཡིས་གསལ་སྒྲོག་སྤེལ་ཏེ། ཀྲུང་གོའི་ཁེ་ལས་ཀྱི་རླངས་འཁོར་རུ་ཁག་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་སྤྱི་དམངས་ལ་མྱ་ངན་ཞུས་པ་དང་། འདས་པོའི་ཁྱིམ་མིར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་ནས། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། ཁོས་བསྟན་དོན། ཕཱ་ཁི་སི་ཐན་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཉེས་ཅན་གྱིས་ཕཱ་ཁི་སི་ཐན་གྱི་འཕེལ་རྒྱས་དང་དར་རྒྱས་ལ་གནོད་སྐྱེལ་འདོད་པ་ཡིན་པས། ཕཱ་ཁི་སི་ཐན་སྲིད་གཞུང་གིས་ངེས་པར་དུ་ཕན་ནུས་ལྡན་པའི་འགུལ་སྐྱོད་སྤེལ་ནས། གྱོད་དོན་དེར་འབྲེལ་བའི་མི་སྣ་དག་ཁྲིམས་ལ་སྦྱོར་དགོས་ཟེར།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཉིན་དེར་ཆེད་དུ་ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་སོང་ནས་ཁཱ་ལཱ་ཆི་ཀྲུང་གོའི་ཁེ་ལས་ཀྱི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་སྤྱི་དམངས་ལ་མྱ་ངན་ཞུས། ཞཱ་པཱ་ཙི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་མྱུར་མོར་ལག་དམར་གྱི་ཐོབ་ཐང་ལ་ཞིབ་བཤེར་བྱས་ནས་དེ་ཁྲིམས་ལ་སྦྱོར་དགོས། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་གྲོགས་པོར་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་པ་དང་། ནུས་པ་གང་ཡོད་ཀྱིས་ཀྲུང་གོའི་མི་སྣའི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ནས། ཡ་ང་བའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེ་ནི་ཕཱ་ཁི་སི་ཐན་གྱི་དཔུང་འཇུག་ཡིན་པར་མ་ཟད། ཕཱ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་གི་མཛའ་བརྩེ་ལ་གཏོར་བརླག་བཏང་བའང་ཡིན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་འཇབ་རྒོལ་བཟོ་མཁན་གྱི་ལག་དམར་དེ་ཁྲིམས་ལ་སྦྱར་དགོས་པ་དང་། ཕཱ་ཁི་སི་ཐན་གྱི་བདེ་འཇགས་དང་ཁྲིམས་བསྟར་ལས་ཁུངས་ཀྱིས་ནུས་པ་ཡོད་དགུ་བཏོན་ནས་ལག་དམར་དང་དེའི་ལག་རོགས་པ་འཛིན་བཟུང་བྱས་ཏེ། ཡ་ང་བའི་བྱ་སྤྱོད་དེར་ཆད་གཅོད་ནན་མོ་བྱེད་རྒྱུ་ཡིན་ཟེར། ཕཱ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ཕན་ཚུན་བརྩི་འཇོག་དང་ལས་དབང་མཉམ་གནས་བྱེད་པའི་མཛའ་མཐུན་གྱི་གྲོགས་པོ་དང་སྤུན་ཟླ་ཡིན་ཟེར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཕཱ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལས་གཞི། ལས་ཁུངས་བཅས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་མ་ཟད། མུ་མཐུད་དུ་ཀྲུང་གོའི་བར་ལག་རྡང་སྦྲེལ་ནས་འཇིགས་སྐུལ་རིང་ལུགས་ཀྱི་སྟོབས་ཤུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།

ཚེས7ཉིན་ཕཱ་ཁི་སི་ཐན་གྱི་ཞིན་ཏི་ཞིང་ཆེན་གྱི་དབུ་བཞུགས་པུའུ་ཀྲང་ཧྲ་ཨ་ཆེད་དུ་ཀྲུང་གོའི་གཞུང་ཚབ་ཁང་དུ་སོང་ནས་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་སྤྱི་དམངས་ལ་མྱ་ངན་ཞུས།

དེ་ལས་གཞན་ཕཱ་ཁི་སི་ཐན་གྱི་ནང་སྲིད་པུའུ་ཀྲང་ནཱ་ཁི་ཝེ་དང་ཞིན་ཏི་ཞིང་ཆེན་གྱི་ལྟ་རྟོག་དཔོན་པོ་ཐི་སོ་ལི། ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་དབུ་བཞུགས་པུའུ་ཀྲང་པུའུ་ཀི་ཏིས། ཤར་ཕྱོགས་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་དབུ་བཞུགས་པུའུ་ཀྲང་ནཱ་ཝ་ཙི་སོགས་ཕཱ་ཁི་སི་ཐན་ཀྲུང་དབྱང་དང་ས་གནས་ཀྱི་དཔོན་རིགས་གཙོ་བོ་དག་ལང་ལོང་སྒོས་ཆེད་དུ་ཀྲུང་གོའི་གཞུང་ཚབ་ཁང་དུ་སོང་བའམ་གསལ་སྒྲོག་སྤེལ་ཏེ། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་སྤྱི་དམངས་ལ་མྱ་ངན་ཞུས།

ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས7ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ནས། ས་དེའི་ཚེས6ཉིན་གྱི་དགོང་མོའི་དུས་ཚོད11ཡས་མས་སུ། ཀྲུང་གོའི་ཁེ་ལས་ཀྱི་ཁཱ་ཞི་མུའུ་གྲུ་ཁའི་གློག་འདོན་ཚད་ཡོད་ཀུང་ཟིའི་རླངས་འཁོར་རུ་ཁག་ལ་ཁཱ་ལཱ་ཆིའི་ཀྲིན་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་སུ་འཇིགས་སྐུལ་འཇབ་རྒོལ་ཐེབས་པ་རེད། མིག་སྔར་ཀྲུང་གོ་ཕྱོགས་ཀྱི་མི་སྣ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། ཀྲུང་གོ་ཕྱོགས་ཀྱི་མི་གཅིག་ལ་རྨས་ཕོག ཕཱ་ཁི་སི་ཐན་ཕྱོགས་ཀྱི་མི་མང་བོར་ཤི་རྨས་ཐེབས།

པུས་ལུའུ་ཀྲི་བཅིངས་འགྲོལ་དྲག་ཆས་ཞེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་ཡན་ལག་རུ་ཁག་མཱ་ཅི་ཏི་སྟོང་ཤོག་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།