སུའུ་ཏན་གྱི་ཧྥ་ཞེ་ཨར་གྱི་ཡུལ་གྱར་བའི་ཉེན་ཡོལ་བྱེད་ས་ཞིག་ལ་འཇབ་རྒོལ་ཐེབས་ནས་མི7རྐྱེན་ལམ་དུ་ཤོར།
2024.10.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

ཁཱ་ཐུའུ་མུའུ་ཡིས་བསྒྲགས་པ་ལྟར་ན། སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་མངའ་སྡེའི་དཔོན་རིགས་ཀྱིས་ཚེས7ཉིན་བཤད་རྒྱུར། མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་ཧྥ་ཞེ་ཨར་གྱི་ཡུལ་གྱར་བའི་ཉེན་ཡོལ་བྱེད་ས་ཞིག་ཏུ་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ནས། མི7རྐྱེན་ལམ་དུ་ཤོར་ཟེར།

ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་འཕྲོད་བསྟེན་པུའུ་ཀྲང་ཧཱ་ཐིས་ཀཨར་གྱིས་ཚེས7ཉིན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧྥ་ཞེ་ཨར་གྱི་ཨ་པུའུ་ཧྲུའུ་ཁི་ཡུལ་གྱར་བའི་ཉེན་ཡོལ་བྱེད་སར་ཚེས6དང་ཚེས7ཉིན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ནས། བསྡོམས་པས་མི7རྐྱེན་ལམ་དུ་ཤོར་བ་དང་། མི59ལ་རྨས་ཕོག་ཡོད་ཟེར།

སུའུ་ཏན་དམངས་ཁྲོད་ལས་ཁུངས་སུའུ་ཏན་སྨན་པའི་དྲ་ཚིགས་ཀྱིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཧྥ་ཞེ་ཨར་གྲོང་ཁྱེར་གྱི་ཡུལ་གྱར་བའི་ཉེན་ཡོལ་བྱེད་ས་སོགས་དམངས་བཀོལ་སྒྲིག་ཆས་ལ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཧྥ་ཞེ་ཨར་གྱི་མང་ཚོགས་ཀྱིས་དཀའ་སྡུག་མྱོང་བཞིན་ཡོད་པ་དང་། བསྟུད་མར་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་པ་ལས་ཁོ་ཚོའི་འཚོ་བ་སྔར་ལས་ཇེ་སྡུག་ཏུ་བཏང་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཚེས7ཉིན་ཧྥ་ཞེ་ཨར་གྱི་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མྱུར་མོར་འཁྲུག་རྩོད་མཚམས་བཞག་སྟེ། མི་སེར་དཀྱུས་མར་སྲུང་སྐྱོབ་བྱས་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།