ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས8ཉིན་མའོ་སི་ཁོ་ནས་བསྟན་དོན། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པ་དེ་ས་ཁོངས་གཞི་གཅིག་ཅན་གྱི་རྩ་འཛུགས་ཡིན་པའི་ཆ་ནས་དབང་གྲགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ཟེར།
ཁི་ལི་མུའུ་ལིན་ཕོ་བྲང་དྲ་ཚིགས་ཀྱིས་ཚེས8ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་གྱི་འགོ་ཁྲིད་པའི་ལས་འཛིནལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་བཤད་རྒྱུར། སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པས་ཕན་ཚུན་རྒྱུས་ལོན་དང་འདྲ་མཉམ་འགྲིག་མཐུན་གྱི་རྩ་དོན་གཞིར་བཟུང་ནས་འགུལ་སྐྱོད་སྤེལ་བཞིན་ཡོད་ཅིང་། སྤྱི་དམངས་ཀྱི་ཕན་བདེ་དང་འཚོ་བའི་སྤུས་ཚད་ལེགས་བསྒྱུར་བྱེད་པའི་གནད་འགག་གི་ལས་འགན་ཐག་གཅོད་གང་ལེགས་བྱས་ཡོད། སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་ས་ཁུལ་གྱི་དཔལ་འབྱོར་ལ་རྣམ་པ་བཟང་བོ་བྱུང་ཡོད་ལ། རྒྱལ་ཁབ་བར་གྱི་ཉོ་ཚོང་དང་དངུལ་གཏོང་གི་འབྲེལ་བར་སྔར་ལས་ཤུགས་སྣོན་ཐོབ་ཡོད་པ་དང་། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ནུས་ཁུངས་དང་བཟོ་ལས། རྨང་གཞིའི་སྒྲིག་ཆས་བཅས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལས་གཞི་དེ་སྤེལ་བཞིན་ཡོད་ལ། རྒྱལ་ཁབ་རང་གི་དངུལ་ལོར་བེད་སྤྱོད་བྱེད་པའི་སྒེར་ཚུགས་ཀྱི་དངུལ་ལོར་མ་ལག་འཛུགས་བཞིན་ཡོད་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། བདེ་འཇགས་འགན་སྲུང་དང་བཅའ་ཁྲིམས་སྒྲིག་ལམ་སྲུང་སྐྱོབ་བྱེད་པ་ནི་སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་བྱ་བའི་ཁ་ཕྱོགས་ཆེས་གཙོ་བོ་ཡིན། མིག་སྔའི་དཀའ་སྡུག་ཆེ་བའི་འཛམ་གླིང་གི་གནས་བབ་འོག སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པས་དུས་རྒྱུན་འཛམ་གླིང་ཡོངས་དང་ས་ཁུལ་གྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་མཐུན་སྦྱོར་བྱེད་བཞིན་ཡོད་ལ། གནད་དོན་དེ་དག་ལ་ནམ་ཡིན་ཡང་གཅིག་མཐུན་གྱི་རྣམ་འགྱུར་བཟུང་ཡོད་ཟེར།
ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་སྒྲོམ་གཞིའི་ནང་གི་རོགས་ལས་ནི་ཨུ་རུ་སིའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་ཐོག་མའི་ཁ་ཕྱོགས་གཙོ་བོ་ཡིན་པ་དང་། སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་ནི་ཨུ་རུ་སིའི་ཆེས་མཛའ་མཐུན་ལྡན་པའི་ཁྱིམ་མཚེས་དང་གྲོགས་པོ། འཐབ་ཇུས་གྲོགས་པོ་བཅས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།