མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ལེ་པཱ་ནུན་ཕྱོགས་ཡོངས་ནས་འཐབ་འཁྲུག་འབྱུང་བའི་ཉེན་ཁའི་གནས་སུ་ལྷུང་ཡོད་པའི་ཚུལ་བསྟན།
2024.10.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས8ཉིན་ལེ་པཱ་ནུན་ཕྱོགས་ཡོངས་ནས་འཐབ་འཁྲུག་འབྱུང་བའི་ཉེན་ཁའི་གནས་སུ་ལྷུང་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་ཡོངས་ནས་འཐབ་འཁྲུག་འབྱུང་བར་སྔོན་འགོག་བྱེད་པའི་དུས་ཚོད་ཡོད་པའི་ཉེན་བརྡ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་སྨྱན་བྱད་ལ་བཤད་རྒྱུར། ཟླ་ངོ་འགའི་རིང་ལ། ཁོས་ནམ་རྒྱུན་འཁྲུག་རྩོད་དེ་རྒྱ་ཡན་དུ་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད། མིག་སྔར་བཙན་བཟུང་བྱས་པའི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད། ལེ་པའ་ནུན་དུ་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་དོན་རྐྱེན་གྱིས་ས་ཁུལ་ཧྲིལ་བོར་འཇིགས་ཉེན་བཟོ་བཞིན་ཡོད། ཉེ་སྔོན་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་དང་དྲག་ཆས་ཚོགས་ཁག་གཞན་པ་དང་དབྱི་སི་རལ་གྱི་རྒྱལག་སྲུང་དམག་དཔུང་གིས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་རྒྱལ་མཚམས་ས་ཁུལ་འཁྲུག་རྩོད་སྔར་ལས་ཚབས་ཆེན་དུ་འགྱུར་བཞིན་ཡོད་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་དང་གྲོས་ཆོད་གཅིག་ལྔ་ལྔ་དགུ་སྣང་མེད་དུ་བསྐྱུར་ཡོད། ཉེ་སྔོན་དབྱི་སི་རལ་གྱི་དམག་དཔུང་གིས་རྒྱལ་མཚམས་བརྒལ་ནས་ལེ་པཱ་ནུན་ལ་བཙན་འཛུལ་བྱེད་བཞིན་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་། དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་གཞི་རྒྱ་ཆེ་བའི་འཇབ་རྒོལ་བྱས་པ་ལས་མི་སྟོང་གཉིས་ལྷག་རྐྱེན་ལམ་དུ་ཤོར་བ་དང་། འདས་པའི་གཟའ་འཁོར་གཉིས་ཀྱི་ནང་མི་སྟོང་གཅིག་དང་ལྔ་བརྒྱ་རྐྱེན་ལམ་དུ་ཤོར་ཡོད། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་དང་དྲག་ཆས་ཚོགས་ཁག་གཞན་པའི་འཇབ་རྒོལ་ལས་དབྱི་སི་རལ་ནས་ཉུང་མཐར་ཡང་མི49རྐྱེན་ལམ་དུ་ཤོར་བ་དང་། ལེ་པཱ་ནུན་ཕྱོགས་ཀྱི་སྙན་ཞུ་ལས་མི་ས་ཡ་གཅིག་ལྷག་ཡུལ་འཁྱམས་བྱེད་བཞིན་ཡོད་ལ། དེའི་ནང་མི་འབུམ་གསུམ་སི་རི་ཡཱ་རུ་བྲོས་བྱོལ་བྱས་ཡོད་པ་དང་། དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་དུ་མི་ཁྲི་དྲུག་ཡུལ་འཁྱམས་བྱེད་བཞིན་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དབུས་ཤར་ས་ཁུལ་གྱི་འཁྲུག་རྩོད་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་སོང་བ་ལས་གནས་བབ་ཛ་དྲག་ཏུ་འགྱུར་བའི་ཤུགས་རྐྱེན་འབྱུང་སྲིད་པའི་ཉེན་བརྡ་དེ་དངོས་ཡོད་དུ་འགྱུར་བཞིན་ཡོད། བར་སྣང་འཇབ་རྒོལ་དང་འཕུར་མདའ་དང་མེ་ཤུགས་འཕུར་མདའི་གཏོང་འཕེན་གང་ཡིན་ཡང་ཞི་བདེ་འབྱུང་བར་བཀག་རྒྱ་བཟོ་བཞིན་ཡོད། རྒྱུ་རྐྱེན་དེའི་དབང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་དང་ལེ་པཱ་ནུན་དུ་མྱུར་མོར་འཁྲུག་རྩོད་མཚམས་འཇོག་དང་ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་མི་སྣ་ཕྱིར་གཏོང་བ། མྱུར་མོར་རོགས་སྐྱོར་དགོས་གལ་ཆེ་བའི་མིར་ཚེ་སྲོག་སྐྱོབ་པའི་རྒུད་སྐྱོབ་འདོན་སྤྲོད་བྱེད་མཚམས་འཇོག་མི་རུང་བ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་སྐུལ་འདེད་གཏོང་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ད་རུང་བསྟན་དོན། ཁོས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་འཕྲིན་ཡིག་བསྐུར་ནས་དབྱི་སི་རལ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་མུ་མཐུད་དུ་ཕཱ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་ས་ཁོངས་ནས་བྱ་བ་སྤེལ་བའི་ཁྲིམས་འཛུགས་འཆར་ཟིན་ལ་བཀག་འགོག་བྱེད་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་ཟེར། ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱི་ཁྲིམས་འཛུགས་དེ་རིགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱབ་འགལ་དུ་སོང་ཡོད་པ་དང་། དབྱི་སི་རལ་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་བའི་ཁག་ཁུར་འོས་འགན་ལའང་འགལ་ཡོད་ལ། དེ་ལས་ཅཱ་ཧྲ་ས་ཁུལ་གྱི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ལ་ཕམ་ཉེས་ཆེན་པོ་འབྱུང་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།