ཧཱ་མཱ་སི་དང་ཧྥ་ཐཱ་ཧིའི་འཐུས་མིས་གནས་སྐབས་ཨུ་ཡོན་ལྷན་ཁང་བཙུགས་ནས་ཅཱ་ཧྲ་ལ་དོ་དམ་བྱེད་པར་ཡིད་འཐད་བྱུང་།
2024.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཨེ་ཅིབ་ཀྱི་འབྲེལ་ཡོད་མི་སྣས་ཚེས9ཉིན་གསར་འགོད་པར་བཤད་རྒྱུར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཧྥ་ཐཱ་ཧི་ཡི་འཐུས་མིས་ཉིན་དེར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གནས་སྐབས་ཀྱི་ཆབ་སྲིད་རང་བཞིན་མ་ཡིན་པའི་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་ཅཱ་ཧྲ་ས་ཁུལ་གྱི་འཚོ་བར་ཞབས་འདེགས་ཞུ་བར་ཡིད་འཐད་བྱུང་ཡོད་ཟེར།

འབྲེལ་ཡོད་མི་སྣ་དེ་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཨུ་ཡོན་ལྷན་ཁང་དེའི་ནུས་པ་ལཱ་ཧྥ་རྒྱུ་ལམ་ཁོ་ན་དོ་དམ་བྱེད་པར་ཚད་བཀག་བྱེད་པར་འཐད་པ་བྱུང་བ་དང་། ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ལ་ཟས་རིགས་དང་སྨན་རྫས། སློབ་གསོ། འཕྲོད་བསྟེན་མཁོ་དངོས་སོགས་འདུས་པའི་འཚོ་བའི་རྒྱུན་མཁོ་དངོས་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་དགོས། ཚོད་དཔག་བྱས་ན་ཨུ་ཡོན་ལྷན་ཁང་དེ་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་གང་རུང་ལ་མི་གཏོགས་པའི་ཨུ་ཡོན་བཅུ་ནས་བཅོ་ལྔས་གྲུབ་པ་དང་། དེའི་ཁོངས་མིར་ཞིབ་ཏུ་གྲོས་བསྡུར་བྱེད་དགོས་ཡོད་ཟེར།

འབྲེལ་ཡོད་མི་སྣ་དེས་བལྟས་ན། དབྱི་སི་རལ་དང་ཨ་མེ་རི་ཁས་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་གྱི་དབང་བསྒྱུར་མཇུག་སྒྲིལ་བར་རྒྱུན་འཁྱོངས་བྱེད་པར་དམིགས་ནས། ཧྥ་ཐཱ་ཧི་དང་ཧཱ་མཱ་སི་ཡིས་ཨུ་ཡོན་ལྷན་ཁང་དེའི་གྲོས་མཐུན་བཀོད་དེ། སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཕཱ་ལེ་སི་ཐན་གྱི་གནས་བབ་ཞི་འཇགས་སུ་གཏོང་དགོས་པར་འདོད།

གཞན་ཡང་ཨེ་ཅིབ་དཔོན་ཕྱོགས་ཀྱི་གཏོར་གཟུགས་མཆོད་རྟེན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ཧཱ་མཱ་སི་དང་ཧྥ་ཐཱ་ཧིའི་འཐུས་མིས་ཚེས10ཉིན་མུ་མཐུད་དུ་ཁེ་རོ་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།