ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་འགོ་ཁྲིད་པས་ཁ་པར་བརྒྱུད་དེ་དབུས་ཤར་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།
2024.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས9ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་སྟེ། དབུས་ཤར་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཕོ་བྲང་དཀར་པོས་ཉིན་དེར་སྤེལ་བའི་ཁ་པར་གྲོས་མོལ་གྱི་གནས་ཚུལ་ལྟར་ན། པེད་ཏིན་དང་ནེ་ཐཱ་ནི་ཡཱ་ཧུའུ་གཉིས་ཀྱིས་གཙོ་བོ་དབྱི་སི་རལ་གྱི་ལེ་པཱ་ནུན་གྱི་དམག་དོན་འགུལ་སྐྱོད་དང་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་སོགས་ལ་གྲོས་བསྡུར་བྱས་པ་དང་། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ། 2024ལོའི་ཙུང་ཐུང་འདེམ་བསྐོའི་དམངས་གཙོ་ཏང་གི་འདེམ་སྒུག་མི་སྣ་ཧཱ་ལི་སི་ཁ་པར་གྲོས་མོལ་ལ་ཞུགས་ཡོད་ཟེར།

པེད་ཏིན་གྱིས་ཁ་པར་གཏོང་སྐབས་ཨ་མེ་རི་ཁས་དབྱི་སི་རལ་གྱི་བདེ་འཇགས་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། དབྱི་ལིང་གིས་ཟླ་འདིའི་ཚེས1ཉིན་འཕུར་མདའ་བཀོལ་ནས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་གྱི་རྒྱལ་ཁབ་གཉིས་ཀྱི་སྤྱི་དམངས་དག་བདེ་འཇགས་ངང་རང་རང་གི་ཁྱིམ་ལ་ལོག་ཏུ་འཇུག་དགོས་པ་ནན་བཤད་བྱས། པེད་ཏིན་གྱིས་བཤད་རྒྱུར། དབྱི་སི་རལ་གྱིས་རྒྱལ་ཁབ་རང་གི་སྤྱི་དམངས་ལ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་འཇབ་རྒོལ་མི་ཐེབས་པར་སྲུང་སྐྱོབ་བྱེད་པའི་དབང་ཆ་ཡོད་ཀྱང་། དམག་དོན་འགུལ་སྐྱོད་སྤེལ་སྐབས་ཚད་ཆེན་པོའི་སྒོ་ནས་མི་སེར་དཀྱུས་མར་ཤི་རྨས་ཐེབས་པར་སྔོན་འགོག་བྱེད་དགོས་ལ། ཁྱད་པར་དུ་ལེ་པཱ་ནུན་གྱི་པེ་རུ་ཐིའི་མི་མང་བོ་འདུས་སྡོད་བྱེད་སར་སེམས་ཆུང་བྱེད་དགོས་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཕྱི་འབྲེལ་གྲོས་མོལ་སླར་གསོ་བྱས་ཏེ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་བཀག་འཇུག་བྱས་པའི་མི་སྣ་ཕྱིར་གཏོང་བ་མངོན་འགྱུར་བྱེད་པའི་དགོས་གལ་རང་བཞིན་ནན་བཤད་བྱས།

ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་རང་ཕིས་ཨེ་ཨར་གྱིས་ཚེས9ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་དེའི་ཁ་པར་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་དབྱི་སི་རལ་གྱིས་དབྱི་ལིང་ལ་རྒོལ་ལན་སྤྲོད་པའི་བྱེད་ཐབས་ཐད་ནས་འབྲེལ་འདྲིས་བྱས། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་བཟོས་པའི་མི་ཆོས་རིང་ལུགས་ཀྱི་ཛ་དྲག་གི་གནས་ཚུལ་དེ་འདྲ་ལེ་པཱ་ནུན་ནས་ཡང་བསྐྱར་འབྱུང་བ་མཐོང་འདོད་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།