དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ངོས་ས་ཁུལ་དུ་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི18རྐྱེན་ལམ་དུ་ཤོར།
2024.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་ཚེས9ཉིན་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ངོས་ཀྱི་སྨན་ཁང་ཞིག་དང་སློབ་གྲྭ་ཞིག་ལ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི18རྐྱེན་ལམ་དུ་ཤོར་ཟེར།

འབྲེལ་ཡོད་མི་སྣས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཅེ་པཱ་ལེ་ཡེ་ས་ཁུལ་གྱི་སྨན་ཁང་ཞིག་དང་ཡུལ་གྱར་བ་དང་ལེན་བྱེད་སའི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་པ་དང་། འཇབ་རྒོལ་ལས་བྱིས་པ་འདུས་པའི་མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པ་ཨ་ཏི་ལཱ་དབྱེ་ཡིས་ཚེས9ཉིན་གསལ་སྒྲོག་སྤེལ་ཏེ། ཅེ་པཱ་ལེ་ཡེ་ཡུལ་གྱར་བའི་སྒར་སའི་སྡོད་དམངས་དག་མྱུར་མོར་རང་ཉིད་འདུག་སའི་སྡོད་ཁང་དང་ཉེན་ཡོལ་ཁང་དང་འབྲལ་དགོས་པའི་རེ་བ་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། གནས་དེ་ནི་མིག་སྔར་ཉེན་ཁའི་འཐབ་ཁུལ་ཞིག་ཡིན་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་གནས་སྐབས་སུ་ས་ཁུལ་དེར་དམག་དོན་འགུལ་སྐྱོད་སྤེལ་མཚམས་བཞག་ཀྱང་འཐབ་འཁྲུག་ཅང་མ་འགོར་བར་ཡང་བསྐྱར་འབྱུང་སྲིད་ཟེར།

ཕཱ་ལེ་སི་ཐན་གྱི་དབྱི་སི་རལ་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་བསྟུད་མར་ཉིན་ལྔའི་རིང་ཅེ་པཱ་ལེ་ཡེ་ཡུལ་གྱར་བའི་སྒར་ས་འདུས་པའི་ཅཱ་ཧྲའི་བྱང་ངོས་སུ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི125རྐྱེན་ལམ་དུ་ཤོར་ཡོད་ཟེར། རྒུད་སྐྱོབ་རླངས་འཁོར་དང་དམངས་སྲུང་མི་སྣས་འདས་པོའི་བེམ་པོ་བདག་བྱེད་པའི་བྱ་བར་ཡང་དབྱི་སི་རལ་གྱི་དམག་དཔུང་གི་བཀག་འགོག་ཐེབས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་ཆེད་དོན་ཀྲུའུ་རིན་ལཱ་ཀྲ་ལི་ནེ་ཡིས་ཚེས9ཉིན་སྨྱན་བྱད་བརྒྱུད་ནས་བསྟན་དོན། ཉུང་མཐར་ཡང་མི་འབུམ་བཞི་ལྷག་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་ཁགས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།