ལེ་པཱ་ནུན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་ཚེས9ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཚེས8ཉིན་ལེ་པཱ་ནུན་ལྷོ་ཕྱོགས་ཞིང་ཆེན་དང་ནཱ་པེད་ཐིས་ཡེ་ཞིང་ཆེན། པེ་ཁཱ་ཞིང་ཆེན། ཕཱ་ལེ་པེ་ཁི་དང་ཞེ་ཨར་མུས་ལེ་ཞིང་ཆེན། ལེ་པཱ་ནུན་རི་བོའི་ཞིང་ཆེན་བཅས་ཀྱི་མཁར་གྲོང་དང་སྡེ་བ་མང་བོར་འཇབ་རྒོལ་བྱས་ཏེ། བསྡོམས་པས་མི22རྐྱེན་ལམ་དུ་ཤོར་བ་དང་། མི80ལ་རྨས་ཕོག་ཡོད་ཟེར།
གཞན་ཡང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས9ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་དུ་འཇབ་རྒོལ་བྱེད་རྩིས་བྱས་པ་དང་། ཀྲིན་ཀྲུའུ་ཏང་གིས་ཐེངས་མང་བོར་མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་བཀོལ་ནས་རྒོལ་ལན་སྤྲད་དེ་དབྱི་སི་རལ་གྱི་དམག་དཔུང་ལ་ཤི་རྨས་བཟོས་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེར་ཀྲིན་ཀྲུའུ་ཏང་གིས་ད་རུང་མེ་ཤུགས་འཕུར་མདའ་བཀོལ་ནས་ལེ་པཱ་ནུན་ལྷོ་ཕྱོགས་མཐའ་མཚམས་ཀྱི་མེད་སི་ཅེ་པེ་ལེ་དང་མུའུ་ཞེ་པུས་ས་ཁུལ་དུ་འཇབ་རྒོལ་བྱེད་པའི་དབྱི་སི་རལ་གྱི་དམག་མིར་འཇབ་རྒོལ་བྱས་པ་དང་། ལེ་པཱ་ནུན་མཐའ་མཚམས་ཀྱི་མེད་ལུང་ཅོ་ས་ཁུལ་དུ་མེ་ཤུགས་འཕུར་མདའ་བཀོལ་ནས་དབྱི་སི་རལ་གྱི་དམག་མིར་འཇབ་རྒོལ་བྱས་པར་མ་ཟད། དབྱི་སི་རལ་གྱི་བྱང་ཕྱོགས་མཁར་གྲོང་ཞེ་མའོ་ནཱ་རུ་ཡོད་པའི་དབྱི་སི་རལ་གྱི་དམག་དཔུང་ལ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་ཟེར།
དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས9ཉིན་གྱི་ཕྱི་དྲོར་གསལ་སྒྲོག་སྤེལ་ནས། ཞེ་མཱའོ་ནཱ་རུ་ཉིན་དེར་ཉེན་བརྡ་གྲགས་པ་དང་། མེ་ཤུགས་འཕུར་མདའ20ཙམ་ལེ་པཱ་ནུན་ནས་ས་ཁུལ་ནས་གཏོང་འཕེན་བྱས། དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཀྱིས་བཤད་ན་འཇབ་རྒོལ་ལས་མི་གཉིས་རྐྱེན་ལམ་དུ་ཤོར་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས9ཉིན་གྱི་སྔ་དྲོར་གསལ་སྒྲོག་སྤེལ་བ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་དུ་འགུལ་སྐྱོད་སྤེལ་བཞིན་ཡོད་པ་དང་། ཚེས་བརྒྱད་ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་གཏོང་འཕེན་བྱེད་ས་རེ་འགའ་གཏོར་བ་དང་། ཐག་ཉེ་ས་ནས་འཐབ་འཁྲུག་དང་བར་སྣང་འཇབ་རྒོལ་བྱེད་སྐབས་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣ་སྐོར་ཞིག་ཚར་གཅོད་བྱས་ཡོད་ལ། ཐན་ཁི་འཁོར་ལོ་དང་འཕུར་མདའ་སོགས་འདུས་པའི་མཚོན་ཆ་མང་བོ་གཞུང་བཞེས་བྱས་ཡོད། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་བརྒྱ་ལྷག་གཏོར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།