མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ང་བདུན་པས་ཚེས10ཉིན་གྲོས་མོལ་གཅིག་མཐུན་བྱུང་སྟེ། ཀྲུང་གོས་ཁཱ་མེ་ལུང་དང་ཧོང་ཏུ་རཱ་སི། ཕཱ་ཁི་སི་ཐན། ཐུར་ཁེ་སོགས་རྒྱལ་ཁབ30ཡི་ཚབ་བྱས་ནས་སྤྲད་པའི་བཀག་མེད་འཛུགས་སྐྲུན་གྱིས་མི་ཚང་མས་འགྲོ་མིའི་ཐོབ་ཐང་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་ཆོད་ལ་གྲོས་མཐུན་བཀོད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ནས་ཐོག་དང་པོར་ཆེད་དོན་གྲོས་ཆོད་ལ་གྲོས་མཐུན་བཀོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་རུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་ཁྲིན་ཞུའུ་ཡིས་གྲོས་ཆོད་འཆར་ཟིན་མཚམས་སྦྱོར་བྱེད་སྐབས་བསྟན་དོན། བཀག་མེད་ཁོར་ཡུག་འཛུགས་སྐྲུན་བྱེད་པ་ནི་མིའི་རིགས་ཀྱི་དཔལ་ཡོན་གོང་འཕེལ་གྱི་མཚོན་རྟགས་ཤིག་ཡིན་པ་དང་། མི་དམངས་ཡོངས་འདྲ་མཉམ་དང་སྟབས་བདེའི་སྒོ་ནས་སྤྱི་ཚོགས་འཚོ་བར་འདྲེས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་པ། འགྲོ་མིའི་ཐོབ་ཐང་སྣ་ཚོགས་མངོན་འགྱུར་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཞིག་ཀྱང་ཡིན། བཀག་མེད་ལས་དོན་གྱིས་འཕེལ་རྒྱས་གྲུབ་འབྲས་ཀྱིས་མི་དམངས་ཚང་མར་ཕན་ཐོགས་པར་བྱེད་པ་དང་། གོ་སྐབས་འདྲ་མཉམ་དང་དཀྱེལ་ཡངས་ཀུན་ཕན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་དུ་འཇུག་ཐུབ། ཕྱོགས་སོ་སོས་མི་ཚང་མས་བཀག་མེད་མཉམ་སྤྱོད་བྱེད་པའི་ཐུན་མོང་འདུ་ཤེས་གཅིག་ཏུ་སྒྲིལ་ནས་མཉམ་དུ་བཀག་མེད་ལས་དོན་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད།
ཁུ་པཱ་དང་ཏའོ་སྨི་ནི་ཁཱ། པེ་ཉིང་སོགས་རྒྱལ་ཁབ་ཀྱིས་གཏམ་བཤད་སྤེལ་ཏེ། གྲོས་ཆོད་དེས་ནུས་ཡོད་ཀྱིས་ཕྱོགས་སོ་སོའི་བཀག་མེད་གནད་དོན་གྱི་ངོས་ཟིན་དང་དོ་སྣང་ཇེ་ཆེར་གཏོང་ཐུབ་པ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། དབང་བོ་སྐྱོན་ཅན་དང་རྒན་པ་སོགས་ཚོགས་ཁག་མི་འདྲ་བ་དག་འདྲ་མཉམ་ངང་སྤྱི་ཚོགས་འཚོ་བར་ཞུགས་པ་དང་འགྲོ་མིའི་ཐོབ་ཐང་མཉམ་སྤྱོད་བྱེད་པར་འགན་སྲུང་འདོན་སྤྲོད་བྱེད་ཐུབ་པ་དང་། གྲོས་ཆོད་ལས་བཀག་མེད་ལས་དོན་གྱི་མདུན་བསྐྱོད་ཁ་ཕྱོགས་མངོན་པར་མཚོན་ཡོད་ལ། རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་ལས་དོན་བདེ་ཐང་ངང་ཡུན་རིང་འཕེལ་རྒྱས་སུ་འགྲོ་བར་ཕན་ཐོགས་ཡོད་པ་ཡིན། གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་གི་མཐོ་རིམ་ཆེད་དོན་པའི་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་མང་བོས་ཀྲུང་གོར་རྟེན་འབྲེལ་ཞུས།
2023ལོའི་ཟླ9བའི་ཚེས1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཀག་མེད་ཁོར་ཡུག་འཛུགས་སྐྲུན་བཅའ་ཁྲིམས་དངོས་སུ་ལག་བསྟར་བྱས་པ་དང་། དེ་ནི་ཀྲུང་གོའི་བཀག་མེད་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་ཐོག་མ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དགུ་བའི་ཚེས་དགུ་ཐོན་ལས་ཉེ་བའི་སྐབས་སུ། འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་གྲོས་ཆོད་དེར་གྲོས་འཆམ་བྱུང་བ་ནི་ཀྲུང་གོས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འདུ་ཤེས་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་བཀག་མེད་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་ཚད་གཞིར་སྐུལ་འདེད་གཏོང་བ། ལོ་ལོན་རྒན་པའི་འགྲོ་མིའི་ཐོབ་ཐང་ཁེ་དབང་གི་འགན་སྲུང་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།
བསོད་ནམས་ཚེ་རིང་གིས་བསྒྱུར།