ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས10ཉིན་བཤད་རྒྱུར། རྩ་འཛུགས་དེས་ཉིན་དེའི་ཞོགས་པར་མཚོ་དམར་མཚོ་ཁོངས་ནས་ཨ་མེ་རི་ཁའི་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་པ་དང་། ཧིན་རྡུའི་རྒྱ་མཚོ་ནས་གྲུ་གཟིངས་གཞན་ཞིག་ལ་འཇབ་རྒོལ་བྱས་ཡོད་ཟེར།
སཱ་ལོས་ཡཱ་ཡིས་ཉིན་དེའི་དགོང་མོར་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་དམག་དོན་འགུལ་སྐྱོད་ཐེངས་གཉིས་སྤེལ་བ་དང་། ཐེངས་དང་པོའི་འགུལ་སྐྱོད་ཀྱི་དམིགས་འབེན་ནི་ཨ་མེ་རི་ཁའི་སྣུམ་འདྲུད་གྲུ་གཟིངས་ཤིག་ཡིན་པ་དང་། འཕུར་མདའ11དང་མི་མེད་གནམ་གྲུ་གཉིས་བཀོལ་ནས་སྣུམ་འདྲུད་གྲུ་གཟིངས་དེར་གཏོར་བརླག་ཚབས་ཆེན་བཟོས་ཡོད་ལ། ཐེངས་གཉིས་པའི་འགུལ་སྐྱོད་སྤེལ་སྐབས་ཧུའུ་སེ་དྲག་ཆས་པས་སྐོར་འདེད་འཕུར་མདའ་ཞིག་བཀོལ་ནས་ཧིན་རྡུ་རྒྱ་མཚོར་བགྲོད་པའི་གྲུ་གཟིངས་གཞན་ཞིག་ལ་འཇབ་རྒོལ་བྱས་པ་རེད་ཟེར།
ཉིན་དེའི་སྔ་དྲོར། དབྱིན་ཇིའི་མཚོ་ཐོག་ཉོ་ཚོང་འགུལ་སྐྱོད་གཞུང་སྒྲུབ་ཁང་གིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། གྲུ་གཟིངས་ཤིག་ལའང་ཡེ་མིན་གྱི་མཚོ་དམར་གྲུ་ཁའི་གྲོང་ཁྱེར་ཧི་ཐེ་ཏཱའི་ནུབ་བྱང་མཚོ་ཁོངས་ནས་འཇབ་རྒོལ་ཐེངས་གསུམ་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།