ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་གིས་མྱུར་མོར་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་དགོས་པའི་རེ་བ་བཏོན།
2024.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་ཧྥན་ཏི་པེ་ལོན་གྱིས་ཚེས9ཉིན་སྲིད་ཏང་གཙོ་བོ་སོ་སོས་གྲོས་མོལ་བྱས་པ་བརྒྱུད་དེ་ལངས་ཕྱོགས་མཐུན་སྦྱོར་བྱས་ནས་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་བཀག་རྒྱ་སེལ་དགོས་པའི་རེ་བ་བཏོན།

ཧྥན་ཏི་པེ་ལོན་གྱིས་ཉིན་དེའི་ཕྱི་དྲོར་གསལ་སྒྲོག་སྤེལ་ཏེ། རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རང་དབང་ཏང་གི་འདེམ་ཤོག་ཐོབ་ཚད་ཆེས་མང་བོ་ཡིན་པས་གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོར་གྱུར་ཡོད་ཀྱང་། ལས་གནས་ཕྱེད་གྲངས་ལས་བརྒལ་མེད་ལ། གྲོས་ཁང་ལ་ཚུད་པའི་སྲིད་ཏང་གཞན་པ་བཞིའི་ཁྲོད། སྤྱི་ཚོགས་དམངས་གཙོ་ཏང་དང་ཨོ་སི་ཁྲུ་རི་ཡཱ་གསར་བའི་ཏང་། ལྗང་མདོག་ཏང་བཅས་ཀྱིས་རང་དབང་ཏང་དང་མཉམ་དུ་སྲིད་འཛིན་པའི་གོ་སྐབས་ཉག་ཕྲ་བ་དང་། མི་དམངས་ཏང་གིས་རང་དབང་ཏང་གི་ཏང་གཙོ་ཅི་ཁི་ཨར་གྱི་འགོ་ཁྲིད་འོག་མཉམ་འབྲེལ་སྲིད་འཛིན་བྱེད་པར་ཁས་ལེན་མ་བྱས་པས། སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པར་བཀག་རྒྱ་ཐེབས་པ་རེད་ཟེར།

ཧྥན་ཏི་པེ་ལོན་གྱིས་བཤད་རྒྱུར། ཨོ་སི་ཁྲུ་རི་ཡཱ་ཡིས་ངེས་པར་དུ་མྱུར་མོར་སྲིད་གཞུང་གསར་བ་རྩ་འཛུགས་བྱས་ཏེ། རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་གནད་དོན་གལ་ཆེན་ཐག་གཅོད་བྱེད་དགོས་ཟེར། ཁོས་གྲོས་ཁང་ནང་ཚུད་པའི་སྲིད་ཏང་སོ་སོའི་འགོ་ཁྲིད་པ་དང་སོ་སོར་གྲོས་མོལ་བྱས་པ་དང་། གྲོས་ཁང་གི་འདེམ་ཤོག་ཐོབ་ཚད་ཆེས་མང་བའི་ཏང་ཁག་གསུམ་སྟེ་རང་དབང་ཏང་དང་མི་དམངས་ཏང་། སྤྱི་ཚོགས་དམངས་གཙོ་ཏང་བཅས་ཀྱི་བར་ཕན་ཚུན་གྲོས་མོལ་བྱས་ནས། སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་པའི་རེ་བ་བཏོན།

ཨོ་སི་ཁྲུ་རི་ཡཱ་ཡིས་ཟླ9བའི་ཚེས29ཉིན་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། གཡས་ཕྱོགས་རང་དབང་ཏང་དེ་ཐོག་མར་གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོར་གྱུར་བ་དང་། ད་ལྟའི་ཙུང་ལི་ནེ་ཧཱ་མའོ་ཡིས་འགོ་ཁྲིད་པའི་མི་དམངས་ཏང་ཨང་གཉིས་པ་ཡིན་ལ། དབུས་གཡོན་ཕྱོགས་ཀྱི་སྤྱི་ཚོགས་དམངས་གཙོ་ཏང་ཨང་གསུམ་པ་རེད། ཨོ་སི་ཁྲུ་རི་ཡཱ་གསར་བའི་ཏང་དང་ལྗང་མདོག་ཏང་གཉིས་ཀྱང་གྲོས་ཁང་ནང་ཚུད་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།