མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ18བདམས་ཐོན་བྱུང་།
2024.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

སྐབས་དོན་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས9ཉིན་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ18བདམས་ཐོན་བྱུང་སྟེ། ད་ལོའི་ལོ་མཇུལག་ཏུ་འགན་ཡུན་ལོངས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཚབ་བྱེད་དུ་འཇུག་རྒྱུ་རེད། ཁོངས་གཏོགས་རྒྱལ་ཁབ་གསུམ་པའི་འགན་ཡུན་དེ2025ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་མགོ་རྩོམ་རྒྱུ་རེད།

ཐེངས་འདིར་བདམས་ཐོན་བྱུང་བའི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ནི། ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་པེ་ཉིང་དང་ཁོང་གོ་ཅིན། ཨེ་ཙེ་ཨོ་ཕི་ཡཱ། ཀང་པུ་ཡཱ། ཁུན་ནེ་ཡཱ་བཅས་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཧན་གོ་དང་ཐེ་གོ། མཱ་ཧྲའོ་ཨར་གླིང་ཚོམས། ཁཱ་ཐར། སེ་ཕུའུ་ལུའུ་སི་བཅས་དང་། ཡོ་རོབ་གླིང་ཤར་མ་ས་ཁུལ་གྱི་ཅེ་ཁི་དང་མཱ་ཆི་ཏོན་བྱང་མ། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་པའོ་ལེ་ཝེ་ཡཱ་དང་ཁོ་ལོམ་པུ་ཡཱ། མའོ་ཞི་ཁོ། ཡོ་རོབ་གླིང་ནུབ་མ་དང་ས་ཁུལ་གཞན་པའི་འཁྱག་གླིང་དང་སི་ཕན། སུའེ་ཙེར་བཅས་རེད། དེའི་ནང་པེ་ཉིང་དང་ཀང་པུ་ཡཱ། ཁཱ་ཐར་བཅས་རྒྱལ་ཁབ་གསུམ་གྱིས་བསྟུད་འགན་ཁུར་བ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་དེ2006ལོར་བཙུགས་པ་དང་། སྤྱི་ཁྱབ་པུའུ་སུའེ་ཙེར་གྱི་རི་ནེ་ཝ་རུ་བཙུགས་ཡོད། འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་བསྡོམས་པས་ལས་གནས47བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ནང་ཨ་ཧྥེ་རི་ཁ་གླིང་ས་ཁུལ་དང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་ལས་གནས13ཟིན་པ་དང་། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱིས་ལས་གནས8ཟིན་ལ། ཡོ་རོབ་གླིང་ཤར་མ་ས་ཁུལ་གྱིས་ལས་གནས6ཟིན་པ་དང་། ཡོ་རོབ་གླིང་ནུབ་མ་དང་ས་ཁུལ་གཞན་པས་ལས་གནས7ཟིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་སུམ་ཆའི་གཅིག་གི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅོས་འདེམས་བྱེད་པ་དང་། དེའི་འགན་ཡུན་ལོ་ངོ་གསུམ་ཡིན་ལ། བསྟུད་འགན་ཐེངས་གཅིག་ཁུར་ཆོག་པ་ཡིན། བསྟུད་འགན་ཁུར་རྗེས་ངེས་པར་དུ་ལོ་གཅིག་འགོར་ན་ད་གཟོད་འགན་ཡུན་གསར་བ་འཚོལ་ཞིབ་བྱས་ཆོག་པ་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་མིང་མི་འགོད་པར་འདེམ་ཤོག་འཕེན་པའི་ཐབས་ལ་བརྟེན་ནས་བདམས་ཐོན་བྱེད་པ་དང་། འདེམ་སྒུག་རྒྱལ་ཁབ་དག་ལ་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱེད་གྲངས་ཡན་གྱི་འདེམ་ཤོག་ཐོབ་ན་ད་གཟོད་བདམས་ཐོན་ཐུབ་པ་ཡིན།


བསོད་ནམས་ཚེ་རིང་གིས་བསྒྱུར།