ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས11ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཧན་གོའི་མི་མེད་གནམ་གྲུས་ཁྲའོ་ཞན་གྱི་མཁའ་ཁོངས་སུ་བཙན་འཛུལ་བྱས་པར་རྒོལ་གཏམ་བཏང་བ་དང་། དེ་ནི་ཚབས་ཆེ་བའི་ནག་ཉེས་བྱ་སྤྱོད་ཅིག་རེད་ཟེར།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཧན་གོས་མི་མེད་གནམ་གྲུ་བཀོལ་ནས་ཕེན་རང་གི་བར་སྣང་ལ་བཙན་འཛུལ་བྱས་པ་དང་། ཁྲའོ་ཞན་ལ་རྒོལ་བའི་བསྒྲགས་ཡིག་གཏོར་བས། དཀྲུག་འཕེན་གྱི་ཉེས་པ་གྲུབ་ཡོད། ཁྲའོ་ཞན་དམག་ཕྱོགས་ཀྱིས་གནད་དོན་དེ་ཐག་གཅོད་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།
གཞན་ཡང་ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚེས11ཉིན་བསྒྲགས་པ་ལྟར་ན། ཧན་གོའི་རྒྱལ་སྲུང་པུའུ་ཡི་དཔོན་པོ་ཅིན་ལུང་ཞན་གྱིས་ཉིན་དེར་བསྟན་དོན། ཧན་གོ་དམག་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་ལ་མི་མེད་གནམ་གྲུ་བཏང་མེད་པ་དང་། མིག་སྔར་གནད་དོན་དེའི་བྱེ་བྲག་གི་གནས་ཚུལ་གསལ་བོར་མི་ཤེས་པས་གསལ་ཁ་འབྱེད་བཞིན་ཡོད་ཟེར།
ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡི་འབྲེལ་ཡོད་མི་སྣས་བཤད་རྒྱུར། མི་མེད་གནམ་གྲུ་ནི་ཧན་གོའི་དམངས་ཁྲོད་ཚོགས་པས་གཏོང་འཕེན་བྱས་མིན་ལ་བརྟག་དཔྱད་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།