ནི་ཁཱ་རཱ་ཀྭ་ཡིས་དབྱི་སི་རལ་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས།
2024.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ནི་ཁཱ་རཱ་ཀྭའི་སྲིད་གཞུང་གིས་ཚེས11ཉིན་སྤྱི་སྒྲོག་སྤེལ་ཏེ། དབྱི་སི་རལ་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་བཅད་པ་ཁྱབ་བསྒྲགས་བྱས།

སྤྱི་སྒྲོག་ལས་བཤད་རྒྱུར། ནི་ཁཱ་རཱ་ཀྭའི་རྒྱལ་དམངས་གྲོས་ཁང་གིས་ཉིན་དེར་གྲོས་ཆོད་ཅིག་བཀོད་དེ། དབྱི་སི་རལ་སྲིད་གཞུང་གིས་བསྟུད་མར་རིགས་རྒྱུད་ཚར་གཅོད་ཀྱི་འཁོན་འཛིན་དྲག་སྤྱོད་ཡ་ང་བ་ལག་བསྟར་བྱས་པར་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་སྣ་ཚོགས་བརྩི་སྲུང་བྱས་ཏེ། རང་དབང་དང་བདག་དབང་། སྒེར་ཚུགས། རང་གཅོད་བཅས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བསྐྱར་སྒྲོག་བྱས།

སྤྱི་སྒྲོག་ལས་བཤད་རྒྱུར། ནི་ཁཱ་རཱ་ཀྭའི་སྲིད་གཞུང་གིས་རིགས་རྒྱུད་ཚར་གཅོད་དང་བཙན་བཟུང་། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཚེ་སྲོག་དང་ལ་རྒྱ་ལ་གནོད་པའི་བཙན་འཛུལ་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། བྱ་སྤྱོད་དེ་དག་ལེ་པཱ་ནུན་དུ་རྒྱ་ཡན་དུ་སོང་ཡོད་པར་མ་ཟད། སི་རི་ཡཱ་དང་ཡེ་མིན། དབྱི་ལིང་སོགས་ལ་འཇིགས་ཉེན་ཚབས་ཆེན་བཟོས་ནས། ས་ཁུལ་དེའི་ཞི་བདེ་དང་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དུས་ནམ་ཡིན་ཡང་ཕཱ་ལེ་སི་ཐན་མི་དམངས་དང་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་ཚད་ལྡན་གྱི་འཛམ་གླིང་རྒྱལ་ཁབ་སོ་སོ་དང་སྲིད་གཞུང་བར་གྱི་སྤྱི་ཆིངས་སོགས་བརྩི་སྲུང་ནན་མོ་བྱེད་ཆེད། ནི་ཁཱ་རཱ་ཀྭའི་སྲིད་གཞུང་གིས་དབྱི་སི་རལ་སྲིད་གཞུང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཐག་བཅད་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།