འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཚེས11ཉིན་པའོ་ལིན་ནས་བཤད་རྒྱུར། འཇར་མན་གྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་པུ་ལི་ཧྲི་དང་ཏན་མག ནོར་ཝེ་བཅས་དང་མཉམ་དུ་ཝུའུ་ཁི་ལན་ལ་རིན་ཐང་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞིའི་དམག་དོན་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
ཧྲའོ་ཨར་ཚི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་གྲོས་མོལ་བྱས། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལྟར་ན། འབྲེལ་ཡོད་རོགས་སྐྱོར་འཆར་གཞིར་མཁའ་སྲུང་མ་ལག་དང་གཙོ་འཐབ་ཐན་ཁི་འཁོར་ལོ། མི་མེད་འཐབ་འཛིང་གནམ་གྲུ། མདེལ་རྫས་སོགས་འདུས་ཡོད། དེ་ལས་གཞན་འཇར་མན་གྱིས2025ལོར་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་ཁྲོད་ནས་ཡོ་སྒོར་ཐེར་འབུམ་བཞི་བཏང་སྟེ། ཝུའུ་ཁི་ལན་ལ་ཐད་ཀར་དམག་དོན་རོགས་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།
ཧྲའོ་ཨར་ཚི་ཡིས་ཉིན་དེར་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། འཇར་མན་གྱིས་ཝུའུ་ཁི་ལན་གྱི་རྒྱབ་སྐྱོར་མཚམས་འཇོག་མི་སྲིད་པ་དང་། འཇར་མན་གྱིས་ད་རུང་དགུན་ཁ་ཐོན་ལས་ཉེ་བའི་སྐབས་སུ་ཝུའུ་ཁི་ལན་གྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་སླར་གསོ་བྱེད་པའི་ཐད་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།
ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱིས་སང་ལོར་ཞི་བདེ་མངོན་འགྱུར་ཐུབ་པའི་རེ་བ་ཡོད་པར་མ་ཟད། འབྲེལ་ཡོད་ཇུས་གཞིའི་ཐད་ནས་ཧྲའོ་ཨར་ཚི་དང་འབྲེལ་འདྲིས་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།