དབྱི་ལིང་དང་ཨུ་རུ་སིའི་ཙུང་ཐུང་གིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པའི་ཚུལ་བསྟན།
2024.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

དབྱི་ལིང་དང་ཨུ་རུ་སིའི་དཔོན་ཕྱོགས་ཀྱིས་ཚེས11ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞེ་ཆི་དབྱང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་ཐུའུ་ཁུའུ་མན་སི་ཐན་གྱི་རྒྱལ་ས་ཨ་ཧྲི་ཧཱ་པཱ་ཏི་ནས་གྲོས་མོལ་བྱས་པ་དང་། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།

དབྱི་ལིང་གི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཕའེ་ཙེ་ཞེ་ཆི་དབྱང་དང་ཕུའུ་ཅིན་གྱིས་ཨ་ཧྲི་ཧཱ་པཱ་ཏི་རུ་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་སྐབས་གྲོས་མོལ་བྱས་པ་རེད། ཕའེ་ཙེ་ཞེ་ཆི་དབྱང་གིས་བཤད་རྒྱུར། དབྱི་ལིང་དང་ཨུ་རུ་སིའི་འབྲེལ་བ་ནི་ལྷག་བསམ་རྣམ་དག་དང་འཐབ་ཇུས་རང་བཞིན་ལྡན་པ་ཞིག་ཡིན། དཔལ་འབྱོར་དང་རིག་གནས་ཀྱི་ཕྱོགས་ནས་བལྟས་ན། དབྱི་ལིང་དང་ཨུ་རུ་སིའི་འབྲེལ་བ་ཉིན་རེ་བཞིན་སྲ་བརྟན་དུ་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་བར་ཁྱད་སྟོབས་ཁ་གསབ་ངེས་ཅན་ལྡན་པས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཟེར།

ས་ཁུལ་གྱི་གནས་བབ་གླེང་སྐབས། ཕའེ་ཙེ་ཞེ་ཆི་དབྱང་གིས་བཤད་རྒྱུར། དབྱི་སི་རལ་གྱིས་དབྱི་ལིང་གི་བདག་དབང་དང་རྒྱལ་སྤྱིའི་བཅའ་ཁྲིམས། མི་ཆོས་རིང་ལུགས་ཀྱི་རྩ་དོན་བཅས་ལ་བརྩི་འཇོག་མ་བྱས་པས། ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད་ཟེར།

ད་ལྟའི་ཨུ་རུ་སི་ཞེས་པའི་འཕྲིན་གཏོང་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱི་ལིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཨུ་རུ་སིར་དོན་སྙིང་གལ་ཆེན་ལྡན། མིག་སྔར་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་ཞིང་ཉོ་ཚོང་ལ་རྣམ་པ་བཟང་བོ་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་གར་སྟེགས་སུ་མཉམ་ལས་བཟང་བོ་བྱས་ཏེ། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་གཅིག་མཐུན་གྱི་ལངས་ཕྱོགས་བཟུང་ཡོད་ཟེར། ཕུའུ་ཅིན་གྱིས་གྲོས་མོལ་བྱེད་སྐབས་ཕའེ་ཙེ་ཞེ་ཆི་དབྱང་གིས་ཨུ་རུ་སིར་འཚམས་འདྲི་བྱེད་པར་གདན་ཞུ་བྱས་པ་དང་། ཕའེ་ཙེ་ཞེ་ཆི་དབྱང་གིས་གདན་ཞུ་དང་ལེན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།