ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་། དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ། སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་བཅས་ཀྱིས་ཚེས11ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉེ་སྔོན་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།
ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་དུས་ཡུན་རིང་བོའི་མངག་གཏོང་རྒྱལ་ཁབ་ཡིན་པ་དང་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཉམ་ལས་གྲོགས་པོ་ཡིན་པའི་ཆ་ནས། ཧྥ་རན་སི་དང་དབྱི་ཐཱ་ལེ། སི་ཕན་བཅས་རྒྱལ་ཁབ་གསུམ་གྱི་ཞི་བདེ་སྲུང་སྐྱོབ་མི་སྣ་འགའ་ལ་ལེ་པཱ་ནུན་གྱི་ནཱ་ཀུའུ་ལཱ་ནས་འཇབ་རྒོལ་ཐེབས་ཏེ་རྨས་ཕོག་པར་རྒོལ་གཏམ་བཏང་། འཇབ་རྒོལ་བྱ་སྤྱོད་དེ་དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད1701དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་གཞིར་བཟུང་ནས་ཁུར་དུ་ལེན་དགོས་པའི་འོས་འགན་དང་རྒྱབ་འགལ་དུ་སོང་ཡོད་པ་དང་། འཇབ་རྒོལ་དེར་གནས་ལུགས་ཅི་ཡང་མེད་པས་ངེས་པར་དུ་མྱུར་མོར་མཚམས་འཇོག་དགོས་ཟེར།
རྒྱལ་ཁབ་གསུམ་གྱིས་ནན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་མི་ཚང་མར་ངེས་པར་དུ་སྲུང་སྐྱོབ་ཐོབ་དགོས་པ་དང་། རྒྱལ་ཁབ་གསུམ་གྱིས་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་དང་མི་སྣ་གཞན་པས་དཀའ་སྡུག་ཧ་ཅང་ཆེ་བའི་གནས་ཚུལ་འོག་མུ་མཐུད་དུ་བྱ་བ་བསྒྲུབ་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
རྒྱལ་ཁབ་གསུམ་གྱིས་ཕྱོགས་སོ་སོས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་དང་ཕྱོགས་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དེ་ནི་ཡུལ་འཁྱམས་བྱེད་པའི་དབྱི་སི་རལ་གྱི་མི་དང་ལེ་པཱ་ནུན་གྱི་མི་རྣམས་བདེ་འཇགས་ངང་ཕྱིར་རང་ཁྱིམ་དུ་ལོག་ཏུ་འཇུག་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།