ཨེ་ཅིབ་དང་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་གིས་ཁ་པར་བརྒྱུད་དེ་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།
2024.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཚེས11ཉིན་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་པཱ་ལོ་ལ་ཁ་པར་གཏོང་སྐབས་ནན་གྱིས་བསྟན་དོན། ངེས་པར་དུ་ལེ་པཱ་ནུན་དང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་མོར་མཚམས་འཇོག་དགོས་པ་དང་། ལེ་པཱ་ནུན་དང་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཅཱ་ཧྲ་ས་ཁུལ་དང་ལེ་པཱ་ནུན་དུ་བྱུང་བའི་འཁྲུག་རྩོད་དེས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ཐད་ཐེབས་པའི་ཤུགས་རྐྱེན་དང་། འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་པའི་བྱེད་ཐབས་བཅས་གནད་དུ་བཟུང་ནས་གྲོས་བསྡུར་བྱས། ཐེངས་འདིའི་གྲོས་མོལ་ནི་རྒྱལ་ཁབ་གཉིས་ཀྱིས་ས་ཁུལ་གྱི་ཉམས་ཉེན་རྣམ་པའི་འཕེལ་རྒྱས་ཐད་ནས་སྤེལ་བཞིན་པའི་གྲོས་མོལ་གྱི་ཁག་ཅིག་རེད།

གསལ་སྒྲོག་ལས་བཤད་རྒྱུར། ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ལུགས་མཐུན་མིན་པའི་ཐལ་དྲགས་བྱ་སྤྱོད་དང་། ཁྱད་པར་དུ་ཉེ་སྔོན་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ལ་དམིགས་པའི་འཇབ་རྒོལ་ལས་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་པ་དང་། ཁོས་དབྱི་སི་རལ་གྱི་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཁས་ལེན་བྱེད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།