སེར་ཝེ་ཡཱ་དང་ཐུར་ཁེ་ཡིས་མཉམ་ལས་གྲོས་མཐུན་མང་བོ་བཀོད།
2024.10.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

སེར་ཝེ་ཡཱ་དང་ཐུར་ཁེ་ཡིས་ཚེས11ཉིན་སེར་ཝེ་ཡཱའི་རྒྱལ་ས་པེ་ཨར་ཀི་ལའེ་ཏི་ནས་གྲོས་མཐུན་མང་བོ་བཀོད་དེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས།

ཉིན་དེར་སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་དང་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གཉིས་ཀྱིས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གྲོས་མཐུན་སྣ་བཅུ་གཅིག་བཀོད་པར་བདེན་དཔང་བྱས་པ་དང་། དེ་རང་དབང་ཉོ་ཚོང་དང་ནུས་ཁུངས་ཚུལ་བསྒྱུར། ན་གཞོན་མཉམ་ལས། གནོད་འཚེའི་དོ་དམ་སོགས་ཁྱབ་ཁོངས་ལ་ཁེབས་ཡོད།

ཝུའུ་ཆི་ཆི་ཡིས་བསྟན་དོན། ཐུར་ཁེའི་དངུལ་གཏོང་དེ་སེར་ཝེ་ཡཱའི་འཕེལ་རྒྱས་ཐད་གལ་འགངས་ཧ་ཅང་ཆེ་བ་དང་། ཁྱད་པར་དུ་རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས། ཉོ་ཚོང་ཁྱབ་ཁོངས་བཅས་ལ་མཚོན་ན་གལ་ཆེན་ཡིན་ཟེར།

ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མིག་སྔར་འཕེལ་རྒྱས་ཀྱི་དུས་སྐབས་ཆེས་བཟང་བོར་གནས་ཡོད་ཅིང་། ཐུར་ཁེ་ཡི་སེར་ཝེ་ཡཱའི་དངུལ་གཏོང་མེ་སྒོར་དུང་ཕྱུར་བཞི་ལས་བརྒལ་ཡོད་ལ། ཕྱོགས་གཉིས་ཀྱི་རྒྱལ་སྲུང་དང་མཁའ་འགྲུལ་མཁའ་སྐྱོད་ཁྱབ་ཁོངས་སུ་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་སྲུང་བཟོ་ལས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྱད་པར་དུ་མི་མེད་གནམ་གྲུའི་ལག་རྩལ་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་གྲོས་འཆམ་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།