ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས13ཉིན་བཤད་རྒྱུར། ཨ་མེ་རི་ཁས་དབྱི་སི་རལ་ལ་སཱ་ཏི་རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་མ་ལག་ཆ་ཚང་ཞིག་འདོན་སྤྲོད་བྱེད་རྒྱུ་མ་ཟད། འབྲེལ་ཡོད་ཀྱི་ཨ་མེ་རི་ཁའི་དམག་དོན་མི་སྣ་མངག་གཏོང་བྱས་ཏེ། དབྱི་སི་རལ་གྱིས་མཁའ་སྲུང་ནུས་པ་མཐོར་འདེགས་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར།
ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ལའེ་ཏི་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། གོང་གི་ཆོད་དོན་དེ་ནི་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཨོ་སི་ཏེན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་མཛུབ་སྟོན་འོག་བཏོན་པ་རེད།
དེའི་དམིགས་ཡུལ་ནི་དབྱི་ལིང་གིས་ཟླ4བའི་ཚེས13ཉིན་དང་ཟླ10བའི་ཚེས1ཉིན་ཐེངས་གཉིས་ལ་དབྱི་སི་རལ་ལ་འཕུར་མདའི་འཇབ་རྒོལ་བྱས་པའི་གནས་ཚུལ་འོག དབྱི་སི་རལ་གྱི་མཁའ་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་བར་རོགས་རམ་བྱེད་ཆེད་ཡིན་པ་དང་། དེ་ཡང་ཨ་མེ་རི་ཁའི་དམག་དཔུང་གིས་ཉེ་བའི་ཟླ་ངོ་འགའི་རིང་དབུས་ཤར་ས་ཁུལ་གྱི་བཀོད་སྒྲིག་རྣམ་པ་ལེགས་སྒྲིག་བྱེད་པའི་ཁག་ཅིག་རེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་ཨ་མེ་རི་ཁས་ཐོག་དང་པོར་དབུས་ཤར་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་སཱ་ཏི་རྟགས་ཅན་གྱི་མཁའ་སྲུང་མ་ལག་མིན་པ་དང་། ན་ནིང་ཟླ10བའི་ཚེས7ཉིན་ལེ་པཱ་ནུན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་རྗེས། པེད་ཏིན་གྱིས་ཨ་མེ་རི་ཁའི་དམག་དཔུང་གིས་དབུས་ཤར་ས་ཁུལ་དུ་སཱ་ཏི་རྟགས་ཅན་གྱི་མཁའ་སྲུང་མ་ལག་བཀོད་སྒྲིག་བྱེད་པའི་མཛུབ་སྟོན་བྱས། 2019ལོར་ཡང་ ཨ་མེ་རི་ཁས་དབྱི་སི་རལ་ལ་སཱ་ཏི་རྟགས་ཅན་གྱི་མཁའ་སྲུང་མ་ལག་ཆ་ཚང་ཞིག་འདོན་སྤྲོད་བྱས་མྱོང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།