དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས14ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས13ཉིན་དབྱི་སི་རལ་བྱང་ངོས་ཀྱི་དམག་དོན་རྟེན་གཞིར་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་ཏེ། དམག་མི་བཞི་རྐྱེནལམ་དུ་ཤོར་བ་དང་། གཞན་ཡང་མི་བདུན་ལ་རྨས་ལྗིད་མོ་ཕོག་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་གཏོང་འཕེན་བྱས་པའི་མི་མེད་གནམ་གྲུས་ཚེས13ཉིན་གྱི་དགོང་མོར་དབྱི་སི་རལ་བྱང་ངོས་ཀྱི་པེན་ཡཱ་མུས་ནཱའི་ཉེ་འདབས་ཀྱི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་ལམ་སྟོན་གློག་སྒྲོན་བརྙན་འཕྲིན་ཁང་གིས་ཚེས13ཉིན་བསྒྲགས་པ་ལྟར་ན། ཀྲིན་ཀྲུའུ་ཏང་གིས་ཉིན་དེའི་དགོང་མོར་པེན་ཡཱ་མུས་ནཱ་ས་ཁུལ་གྱི་དབྱི་སི་རལ་གྱི་དམག་དཔུང་གི་ཀི་ལན་ནེ་སྟོང་ཤོག་སྦྱོང་བརྡར་སྒར་སར་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་པ་དང་། ཐེངས་འདིའི་འགུལ་སྐྱོད་ནི་དབྱི་སི་རལ་གྱི་འཇབ་རྒོལ་ལ་འཁོན་ལན་སློག་ཆེད་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།