ཅཱ་ཧྲའི་དབུས་ཕྱོགས་ཀྱི་སློབ་གྲྭ་ཞིག་ལ་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི19རྐྱེན་ལམ་དུ་ཤོར།
2024.10.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས13ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་དབུས་ཕྱོགས་ས་ཁུལ་གྱི་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་སའི་སློབ་གྲྭ་ཞིག་ལ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི19རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། འཇབ་རྒོལ་ཐེབས་པའི་སློབ་གྲྭ་དེའི་ནང་དུ་ཡུལ་འཁྱམས་བྱེད་པའི་མང་ཚོགས་མང་བོ་ཡོད། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ད་རུང་ཅཱ་ཧྲའི་བྱང་ངོས་ཀྱི་ཧྲ་ཐིས་ཡུལ་གྱར་བའི་སྒར་སར་འཇབ་རྒོལ་བྱས་ཏེ། བྱིས་པ་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་གནས་སྐབས་སུ་འཇབ་རྒོལ་དོན་རྐྱེན་དེ་གཉིས་ཀྱི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས13ཉིན་གྱི་སྔ་དྲོར་གསལ་སྒྲོག་སྤེལ་ཏེ། འདས་པའི་ཉིན་གཅིག་གི་ནང་། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཅཱ་ཧྲའི་ས་ཁུལ་ཧྲིལ་བོར་དམག་དོན་འགུལ་སྐྱོད་སྤེལ་བ་དང་། དམིགས་འབེན40ཙམ་ལ་ཆམ་ཕབ་བཏང་བ་དང་དྲག་ཆས་མི་སྣ་བཅུ་ཕྲག་འགའ་བསད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།