ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་དབྱི་སི་རལ་བྱང་ཕྱོགས་ཀྱི་པེན་ཡཱ་མུས་ནཱའི་དབྱི་སི་རལ་གྱི་དམག་སྒར་ལ་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་ཟེར། དབྱི་སི་རལ་དམག་ཕྱོགས་དང་མྱུར་སྐྱོབ་རྩ་འཛུགས་ཀྱིས་བཤད་རྒྱུར། ཐེངས་འདིའི་མི་མེད་གནམ་གྲུའི་འཇབ་རྒོལ་ཁྲོད་མི67ལ་རྨས་ཕོག་ཡོད་ཟེར།
ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་ལམ་སྟོན་གློག་སྒྲོན་བརྙན་འཕྲིན་ཁང་གིས་ཚེས13ཉིན་བསྒྲགས་པ་ལྟར་ན། ཀྲིན་ཀྲུའུ་ཏང་གིས་ཉིན་དེའི་དགོང་མོར་པེན་ཡཱ་མུས་ནཱ་ས་ཁུལ་གྱི་དབྱི་སི་རལ་གྱི་དམག་དཔུང་གི་ཀི་ལན་ནེ་སྟོང་ཤོག་སྦྱོང་བརྡར་སྒར་སར་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་པ་དང་། ཐེངས་འདིའི་འགུལ་སྐྱོད་ནི་དབྱི་སི་རལ་གྱི་འཇབ་རྒོལ་ལ་འཁོན་ལན་སློག་པ་དང་། ཁྱད་པར་དུ་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ལ་འཇབ་རྒོལ་བྱས་པར་འཁོན་ལན་སློག་ཆེད་ཡིན་ཟེར།
གཞན་ཡང་དབྱི་སི་རལ་དམག་ཕྱོགས་དང་མྱུར་སྐྱོབ་རྩ་འཛུགས་ཕུབ་ཆེན་དམར་པོ་ཞེས་པས་བསྒྲགས་པ་ལྟར་ན། ཀྲིན་ཀྲུའུ་ཏང་གི་མི་མེད་གནམ་གྲུ་ཞིག་གིས་ཚེས13ཉིན་གྱི་དགོང་མོར་པེན་ཡཱ་མུས་ནཱ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི67ལ་རྨས་ཕོག་པ་དང་དེའི་ནང་མི་དགུར་རྨས་ལྗིད་མོ་ཕོག་ཡོད་ཟེར།
དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མི་མེད་གནམ་གྲུ་དེ་ནི་ཀྲིན་ཀྲུའུ་ཏང་གི་མེ་ཤུགས་འཕུར་མདའི་འགེབས་སྲུང་འོག་ལེ་པཱ་ནུན་ནས་གཏོང་འཕེན་བྱས་པ་རེད། ཀྲིན་ཀྲུའུ་ཏང་གིས་བསྡོམས་པས་དབྱི་སི་རལ་དུ་མི་མེད་གནམ་གྲུ་གསུམ་གཏོང་འཕེན་བྱས་པ་དང་། མི་མེད་གནམ་གྲུ་གཞན་པ་གཉིས་སར་འཕངས་ཡོད་ཟེར། འབྲེལ་ཡོད་ས་ཁོངས་སུ་མཁའ་སྲུང་ཉེན་བརྡ་བཏང་མེད་ལ། དབྱི་སི་རལ་གྱི་དམག་དཔུང་གིས་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
ཉིན་དེའི་སྔ་དྲོར། དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ས་དེའི་ཕྱི་དྲོའི་དུས་ཚོད་གསུམ་བར། ཀྲིན་ཀྲུའུ་ཏང་གིས་གཏོང་འཕེན་བྱས་པའི་འཕུར་མདའ115ཙམ་དབྱི་སི་རལ་གྱི་མངའ་ཁོངས་སུ་ལྷུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།