དབྱི་རག་གི་འགོ་ཁྲིད་པས་ས་ཁུལ་གྱི་འཁྲུག་རྩོད་སྔར་ལས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.10.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

དབྱི་རག་གི་ཙུང་ཐུང་ལཱ་ཞེ་ཏི་ཡིས་ཚེས13ཉིན་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལཱ་ཀི་ཆི་དང་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། མྱུར་མོར་འགུལ་སྐྱོད་སྤེལ་ནས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དང་ལེ་པཱ་ནུན་གྱི་བཙན་འཛུལ་ལ་བཀག་འགོག་བྱས་ཏེ། ས་ཁུལ་གྱི་འཁྲུག་རྩོད་སྔར་ལས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་ཟེར།

དབྱི་རག་གི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ལཱ་ཞེ་ཏི་ཡིས་གྲོས་མོལ་བྱེད་སྐབས་ད་རུང་བཤད་རྒྱུར། དབྱི་རག་གིས་ཁྱིམ་མཚེས་རྒྱལ་ཁབ་ལ་བཙན་འཛུལ་བྱེད་པའི་ལག་རོགས་སུ་འགྱུར་མི་འདོད་པ་དང་། སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ། ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དེས་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་པས། ངེས་པར་དུ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱས་ཏེ། གནས་བབ་དེ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར།

དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཙུང་ལི་སུའུ་ཏཱ་ནེ་ཡིས་ཨ་ལཱ་ཀི་ཆི་དང་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱི་རག་སྲིད་གཞུང་གིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དང་ལེ་པཱ་ནུན་གྱི་བཙན་འཛུལ་ལ་བཀག་འགོག་བྱེད་པ་དེ་ལས་འགན་གཙོ་བོར་བརྩིས་ཡོད་ལ། དབྱི་རག་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཐབ་འཁྲུག་མཚམས་འཇོག་པར་སྐུལ་འདེད་གཏོང་བ་དང་། འཁྲུག་རྩོད་དེ་མུ་མཐུད་དུ་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱས་ན་དབྱི་རག་དང་ས་ཁུལ་ཧྲིལ་བོའི་རྒྱལ་ཁབ་དག་གི་བདེ་འཇགས་ཁེ་ཕན་དང་འཚམ་ཟེར།

ཨ་ལཱ་ཀི་ཆི་ཡིས་ཉིན་དེར་ད་རུང་དབྱི་རག་གི་ཕྱི་འབྲེལ་པུའུ་ཀྲང་ཧི་སེ་ཡུན་དང་གྲོས་མོལ་བྱས། ཧི་སེ་ཡུན་གྱིས་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་རག་གིས་རྒྱལ་ཁབ་གཞན་པས་དབྱི་རག་གི་མཁའ་ཁོངས་བེད་སྤྱད་དེ་འཐབ་འཁྲུག་བྱེད་པར་ཁས་ལེན་བྱེད་མི་སྲིད་ཟེར། ཁོས་ད་རུང་ས་ཁུལ་གྱི་འཐབ་འཁྲུག་དེ་རྒྱ་ཡན་དུ་སོང་ན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་སོགས་ཡང་བསྐྱར་འབྱུང་བར་གོ་སྐབས་སྟེར་ངེས་པའི་ཉེན་བརྡ་བཏང་།

ཨ་ལཱ་ཀི་ཆི་ཡིས་བསྟན་དོན། དབྱི་ལིང་གིས་ས་ཁུལ་གྱི་གྲོགས་པོ་དག་དང་མཉམ་དུ་འཐབ་འཁྲུག་མཚམས་འཇོག་པའི་དོན་ལ་མཐུན་སྦྱོར་བྱེད་བཞིན་ཡོད་པ་དང་། དབྱི་ལིང་གིས་མུ་མཐུད་དུ་གྲོས་མོལ་ལ་བརྟེན་ནས་ཞི་བདེ་མངོན་འགྱུར་བྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།