ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཚེས14ཉིན་ལུ་ཙེམ་པོག་ནས་གྲོས་ཚོགས་བསྡུས་ཏེ་ནན་གྱིས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་འཇབ་རྒོལ་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱབ་འགལ་དུ་སོང་ཡོད་ཅིང་། དེ་ནི་དང་ལེན་བྱེད་མི་ཐུབ་པ་ཞིག་དང་ངེས་པར་དུ་བྱ་སྤྱོད་དེ་རིགས་མྱུར་མོར་མཚམས་འཇོག་དགོས་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་འབྲེལ་པུའུ་ཀྲང་གི་གྲོས་ཚོགས་ནས་ཚེས13ཉིན་གྱི་དགོང་མོར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་དུ་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་འཇབ་རྒོལ་བྱས་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་གྱིས་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ལ་འཇབ་རྒོལ་བྱས་པར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན།
ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཚོགས་ར་ནས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱིས་དབྱི་སི་རལ་གྱིས་འཇབ་རྒོལ་དོན་རྐྱེན་དེར་རྟོག་ཞིབ་གསལ་བོ་བྱས་ནས་འགྲེལ་བཤད་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱི་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པ་དང་། ཁོངས་གཏོགས་རྒྱལ་ཁབ་གང་རུང་གནས་སྐབས་དམག་དཔུང་ཕྱིར་འཐེན་བྱེད་པར་འཐད་པ་མིན་ཟེར།
དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་མུས་ཀྱིས་ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དག་དང་དངོས་གཞི་མིན་པའི་གྲོས་མོལ་བྱས། ལཱ་མུས་ཀྱིས་ཧྥ་རན་སི་དང་འཇར་མན། དབྱི་ཐཱ་ལེ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་དག་དང་མཉམ་དུ་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ལ་བསམ་བཞིན་འཇབ་རྒོལ་བྱེད་པའི་བྱ་སྤྱོད་གང་ཡིན་ཡང་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལ་རྒྱབ་འགལ་བྱས་ཡོད། ཞི་བདེ་སྲུང་སྐྱོབ་མི་སྣར་སྲུང་སྐྱོབ་བྱེད་པ་ནི་འཁྲུག་རྩོད་ཕྱོགས་ཁག་སོ་སོའི་འགན་འཁྲི་ཡིན། ང་ཚོས་དབྱི་སི་རལ་དང་འབྲེལ་ཡོད་ཕྱོགས་ཁག་སོ་སོས་རང་གི་འོས་འགན་ལག་བསྟར་བྱེད་པ་དང་། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་བདེ་འཇགས་ལ་འགན་སྲུང་བྱས་ཏེ། གནས་སྐབས་དམག་དཔུང་གིས་མུ་མཐུད་དུ་ལས་འགན་ལག་བསྟར་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་ཡོད།
ང་ཚོས་ལེ་པཱ་ནུན་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་ནུས་པ་གལ་ཆེན་བཏོན་ཡོད་པ་བསྐྱར་སྒྲོག་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དྲག་ཆས་འཁྲུག་རྩོད་ཐག་གཅོད་བྱེད་པ་དང་མི་ཆོས་རིང་ལུགས་ཀྱི་ཤུགས་རྐྱེན་ཇེ་ཡང་དུ་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད་ཟེར།
ཉིན་དེར་སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་ཡིས་པཱ་སེ་ལོ་ནཱ་རུ་གླེང་སྟེགས་བྱ་འགུལ་ལ་ཞུགས་སྐབས་བཤད་རྒྱུར། ལེ་པཱ་ནུན་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ལ་མིག་སྔར་སི་ཕན་གྱི་དམག་དཔོན་ལཱ་སཱ་ལོ་ཡིས་བཀོད་འདོམ་བྱེད་བཞིན་ཡོད་པ་དང་། གནས་སྐབས་དམག་དཔུང་དེ་ཕྱིར་འཐེན་བྱེད་མི་སྲིད། ས་གནས་དེར་དངོས་སུ་བྱུང་བའི་ཡོད་ཚད་མཐོང་རྗེས། ད་ལྟ་ང་ཚོས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་དེ་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་དོན་སྙིང་ལྷག་ཏུ་ཆེ་བར་མངོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།