ཨེ་ཅིབ་དང་སོ་ཏི་ཨ་རབ་ཀྱིས་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
2024.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས15ཉིན་རྒྱལ་ས་ཁའེ་རོ་ནས་འཚམས་འདྲིར་ཡོང་བའི་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་དང་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་སྤེལ་ནས། ཕྱོགས་གཉིས་ཀྱིས་ཉིན་དེར་ས་ཁུལ་གྱི་གནས་བབ་འཕེལ་རྒྱས་དང་ཁྱད་པར་དུ་ཅཱ་ཧྲ་ས་ཁུལ་དང་ལེ་པཱ་ནུན་གྱི་གནས་བབ་ལ་གྲོས་བསྡུར་བྱས་ཤིང་། ས་ཁུལ་དེར་ཡུན་རིང་འཁྲུག་རྩོད་མཚམས་འཇོག་པ་དང་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ནི་རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་གྱི་གྲོས་ཆོད་གཞིར་བཟུང་ནས་བདག་དབང་ཅན་གྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་རྒྱུ་དེ་ཡིན་པ་ནན་བཤད་བྱས།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ངེས་པར་དུ་ལེ་པཱ་ནུན་གྱི་བདག་དབང་དང་བདེ་འཇགས། གཏན་འཇགས། མངའ་ཁོངས་ཆ་ཚང་བ་བཅས་ལ་བརྩི་འཇོག་བྱེད་དགོས་པ་བསྐྱར་སྒྲོག་བྱས་པ་དང་། ཅཱ་ཧྲ་ས་ཁུལ་དང་ལེ་པཱ་ནུན་དུ་འཁྲུག་རྩོད་མཚམས་བཞག་སྟེ། ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བའི་མི་ཆོས་རིང་ལུགས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། འབྲེལ་ཡོད་ཕྱོགས་ཀྱིས་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གཏོང་བའི་སྲིད་ཇུས་མཚམས་འཇོག་དགོས་པའི་རེ་བ་བཏོན།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་མཚོ་དམར་ས་ཁུལ་གྱི་བདེ་འཇགས་དང་། སུའུ་ཏན་དང་ལི་པུ་ཡཱ། སི་རི་ཡཱ་བཅས་ཀྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།