ཁྲའོ་ཞན་གྱིས་ཧན་གོའི་དམག་ཕྱོགས་ཀྱིས་ཁྲའོ་ཞན་གྱི་མཁའ་ཁོངས་སུ་བཙན་འཛུལ་བྱས་པ་བདེན་དཔང་བྱས་ཡོད་པའི་ཚུལ་བསྟན།
2024.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས15ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་པུའུ་ཀྲང་གཞོན་པ་ཅིན་ཡུས་ཀྲིན་གྱིས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཧན་གོའི་དམག་ཕྱོགས་ནི་ཁྲའོ་ཞན་གྱི་རྒྱལ་སའི་བར་སྣང་དུ་བཙན་འཛུལ་བྱེད་པའི་དགྲར་འཛིན་དཀྲུག་འཕེན་བྱ་སྤྱོད་སྤེལ་མཁན་ཡིན་པ་དང་། དོན་དེའི་ཐད་ནས་ང་ཚོས་ཁུངས་སྣེ་རྙེད་ཡོད་ལ། དཀྲུག་འཕེན་བྱེད་མཁན་གྱིས་རིན་དོད་ཆེན་པོ་གཏོང་དགོས་ཡོད་ཟེར།

གཞན་ཡང་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས15ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཚེས14ཉིན་རྒྱལ་སྲུང་དང་བདེ་འཇགས་གྲོས་ཚོགས་བསྡུས་པ་དང་། ཚོགས་ཐོག་ནས་ཁྲའོ་ཞན་ཕྱོགས་ཀྱིས་ཆབ་སྲིད་ཀྱི་དམག་དོན་ལངས་ཕྱོགས་བརྟན་པོ་རྒྱས་བཤད་བྱས་ཟེར།

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡིས་ཚེས11ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཧན་གོའི་མི་མེད་གནམ་གྲུས་ཁྲའོ་ཞན་གྱི་བར་སྣང་དུ་བཙན་འཛུལ་བྱས་པར་རྒོལ་གཏམ་བཏང་བ་དང་། དེ་ནི་ནག་ཉེས་བྱ་སྤྱོད་ཚབས་ཆེན་ཞིག་རེད་ཟེར། ཧན་གོའི་རྒྱལ་སྲུང་པུའུ་ཀྲང་ཅིན་ལུང་ཞན་གྱིས་ཉིན་དེར་བསྟན་དོན། ཧན་གོའི་དམག་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་ལ་མི་མེད་གནམ་གྲུ་གཏོང་འཕེན་བྱས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།