ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཚེས15ཉིན་བཤད་རྒྱུར། ཧན་གོའི་དམག་ཕྱོགས་ཀྱིས་ཉིན་དེར་ཧན་གོ་དང་ཁྲའོ་ཞན་གྱི་དམག་དོན་རྒྱལ་མཚམས་ཀྱི་ལྷོ་ངོས་སུ་ཁྲའོ་ཞན་གྱི་གཏོར་བརླག་བྱ་སྤྱོད་ལ་རྒོལ་ལན་སྤྲད་ཡོད་ཟེར། ཁྲའོ་ཞན་ཕྱོགས་ཀྱིས་གནས་སྐབས་སུ་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཉིན་དེར་བརྡ་འཕྲིན་བརྒྱུད་དེ་སྨྱན་བྱད་ལ་གསལ་སྒྲོག་སྤེལ། གསལ་སྒྲོག་ལས་བཤད་རྒྱུར། ཁྲའོ་ཞན་གྱིས་ཉིན་དེའི་ཉིན་གུང་དུས་ཚོད་བཅུ་གཉིས་ཡས་མས་སུ་ཅིན་དབྱེ་ལམ་དང་ཤར་ཕྱོགས་མཚོ་ལམ་གྱི་གཞུང་ལམ་གཉིས་ཀྱི་ཧན་གོ་དང་ཁྲའོ་ཞན་གྱི་དམག་དོན་རྒྱལ་མཚམས་བྱང་ངོས་ཀྱི་གཞུང་ལམ་ལ་འགས་གཏོར་བཏང་བ་དང་། སྒྲིག་ཆས་ཆེ་གྲས་བཀོད་སྒྲིག་བྱས་ནས་རྗེས་མཐུད་བྱ་བ་སྤེལ་བཞིན་ཡོད། ཧན་གོའི་དམག་ཕྱོགས་ལ་གྱོང་གུད་ཐེབས་མེད་ཅིང་། ཁྲའོ་ཞན་གྱི་བྱ་འགུལ་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། ཧན་གོ་དང་ཨ་མེ་རི་ཁའི་མཉམ་ལས་འོག་ལྟ་རྟོག་དང་དོགས་ཟོན་ལ་ཤུགས་སྣོན་བྱས་ཏེ་རྒོལ་ལན་སྤྲོད་པའི་རྣམ་པ་སྲུང་འཛིན་བྱས་ཡོད་ཟེར། གསལ་སྒྲོག་ལས་ཧན་གོས་ཁྲའོ་ཞན་གྱི་འཇབ་རྒོལ་ལ་རྒོལ་ལན་སྤྲོད་པའི་བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད།
གསར་འགྱུར་འདི་སྤེལ་རག་བར་དུ་ཁྲའོ་ཞན་ཕྱོགས་ཀྱིས་གོང་གི་གནས་ཚུལ་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས9ཉིན་ཁྱབ་བསྒྲགས་བྱས་དོན། ཁྲའོ་ཞན་ཕྱོགས་ཀྱིས་ཉིན་དེ་ནས་བཟུང་ཧན་གོའི་བར་དུ་སྦྲེལ་བའི་གཞུང་ལམ་དང་ལྕགས་ལམ་བཀག་སྡོམ་བྱས་ནས་འགོག་སྲུང་སྒྲིག་ཆས་སྲ་བརྟན་དུ་གཏོང་བའི་བཟོ་སྐྲུན་སྤེལ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།