ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ཚེས16ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གི་ཐན་ཁི་འཁོར་ལོ་གཅིག་གིས་ཉིན་དེར་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཅི་ལཱ་སྡེ་བའི་སོ་ལྟའི་སྟེགས་བུ་ཞིག་ལ་འཇབ་རྒོལ་བྱས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ཅི་ལཱ་སྡེ་བར་ཡོད་པའི་དམག་མིས་ཉིན་དེའི་སྔ་དྲོར་དབྱི་སི་རལ་གྱི་མཱེ་ཁཱ་ཝ་ཐན་ཁི་འཁོར་ལོ་ཞིག་གིས་ཁོ་ཚོའི་སོ་ལྟའི་སྟེགས་བུར་འཇབ་རྒོལ་བྱས་པ་དངོས་སུ་མཐོང་བ་དང་། ཐེངས་འདིའི་འཇབ་རྒོལ་ལས་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་རྒྱང་མཐོང་གཉིས་ལ་གཏོར་བརླག་ཐེབས་པ་དང་། སོ་ལྟའི་སྟེགས་བུར་ཡང་གཏོར་བརླག་ཐེབས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་གཡུལ་སར་ཡང་བསྐྱར་བསམ་བཞིན་དུ་འཇབ་རྒོལ་བྱས་པ་རེད་ཟེར། གསལ་སྒྲོག་ལས་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་དང་དེར་འབྲེལ་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་འགན་འཁྲི་ཡོད་པ་དྲན་སྐུལ་བྱས་པར་མ་ཟད། དུས་ནམ་ཡིན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནོད་སྐྱེལ་མི་རུང་བའི་རང་བཞིན་ལ་བརྩི་འཇོག་བྱེད་དགོས་ཟེར།
མིག་སྔའི་བར་དུ། དབྱི་སི་རལ་གྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་བསྟུན་ནས། ཉེ་སྔོན་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ཞི་བདེ་སྲུང་སྐྱོབ་མི་སྣ་མང་བོར་རྨས་ཕོག་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ཕྱོགས་ལ་རྒོལ་གཏམ་བཏང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།