ཁྲིམས་འགལ་གནས་སྤོར་སྡོད་དམངས16ཚེས16ཉིན་དབྱི་ཐཱ་ལེ་ནས་གྲུར་བསྡད་དེ་ཨར་པཱ་ནི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཧྲིན་ཅིན་གྲུ་ཁར་འབྱོར་བ་དང་། དེ་ལས་ཨར་པཱ་ནི་ཡཱ་ཡིས་དབྱི་ཐཱ་ལེ་ལ་རོགས་འདེགས་བྱས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་བསྡུ་ལེན་བྱེད་པའི་འབྲེལ་ཡོད་གྲོས་མཐུན་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་མཚོན་ཡོད།
ཧྲིན་ཅིན་ཡོད་སའི་ལའེ་ཧྲི་མངའ་སྡེའི་ཉེན་རྟོག་ཁང་གིས་བཤད་རྒྱུར། གནས་སྤོར་སྡོད་དམངས་དེ་དག་ཚེས16ཉིན་དབྱི་ཐཱ་ལེའི་མཚོ་དམག་གི་དམག་གྲུར་བསྡད་དེ་ཧྲིན་ཅིན་གྲུ་ཁར་འབྱོར་བ་དང་། ཐོབ་ཐང་ལ་དཔྱད་ཞིབ་བྱས་རྗེས་མངའ་སྡེ་དེའི་ཅཱ་ཏི་ཨར་ས་ཁུལ་གྱི་བསྡུ་ལེན་ལྟེ་གནས་སུ་བཀོད་སྒྲིག་བྱས་ཡོད། ཉེན་རྟོག་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་ལས་རིམ་གྱི་བདེ་འཇགས་ལ་འགན་སྲུང་བྱས་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཁྲིམས་འགལ་གནས་སྤོར་སྡོད་དམངས16ཁྲོད་དུ་བྷང་ག་ལཱ་རྒྱལ་ཁབ་ནས་ཡོང་བའི་མི་བཅུ་ཡོད་པ་དང་། ཨེ་ཅིབ་ནས་ཡོང་བའི་མི་དྲུག་ཡོད། ཁོ་ཚོ་ནི་གྲུ་གཟིངས་ལ་བསྡད་དེ་ལེ་པུ་ཡཱ་དང་བྲལ་རྗེས་མཚོ་ཐོག་ནས་བསྐྱབས་པ་རེད།
ཨར་པཱ་ནི་ཡཱ་ཡིས་ལོ་ལྔའི་ནང་ལོ་རེར་དབྱི་ཐཱ་ལེ་ལ་རོགས་འདེགས་བྱས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཁྲི3.6བསྡུ་ལེན་བྱེད་རྒྱུ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།