ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་དྲུག་གིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ལ་འཇབ་རྒོལ་ཐེབས་པར་སྔོན་འགོག་བྱེད་རྒྱུ་ཐག་བཅད།
2024.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཡོ་རོབ་གླིང་མནའ་འབྲེལ་གྱི་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ནང་མི་སྣ་མངག་གཏོང་བྱེད་པའི་རྒྱལ་ཁབ16གིས་ཚེས16ཉིན་གྲོས་མཐུན་བཀོད་དེ། དབྱི་སི་རལ་ལ་གནོན་ཤུགས་སྔར་ལས་ཆེན་པོ་བྱིན་ནས་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ལ་སྔར་ལས་མང་བའི་འཇབ་རྒོལ་ཐེབས་པར་སྔོན་འགོག་བྱེད་རྒྱུ་ཐག་བཅད།

དབྱི་ཐཱ་ལེའི་རྒྱལ་སྲུང་པུའུ་ཡིས་ཚེས16ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་ཐཱ་ལེའི་ཕྱི་འབྲེལ་པུའུ་ཀྲང་ཁི་ལོ་སེ་ཐའོ་དང་ཧྥ་རན་སིའི་རྒྱལ་སྲུང་པུའུ་ཀྲང་ལེ་ཁི་ཨར་ནེ་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དྲུག་གི་རྒྱལ་སྲུང་པུའུ་ཀྲང་གི་དྲ་ཐོག་གྲོས་ཚོགས་ལ་མགོ་འཛིན་བྱས། ཚོགས་ཞུགས་རྒྱལ་ཁབ་ལ་ཨེར་ལན་དང་། འཇར་མན། སི་ཕན། ཨོ་སི་ཁྲུ་རི་ཡཱ། ཞེ་ལཱ། ཕོ་ལན། ཧྥུན་ལན། ཧང་ག་རི། ཧི་ལན། ཁི་ལོ་ཏིས་ཡ། ལཱ་ཐའོ་ཝེ་ཡ། ཨེ་སོ་ནི་ཡཱ། མར་ཐ། སེ་ཕུའུ་ལུའུ་སི་བཅས་འདུས།

ཚོགས་ཞུགས་མཁན་གྱིས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་སྡོད་གནས་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་། འཇབ་རྒོལ་བྱ་སྤྱོད་དེ་དག་གིས་མཉམའ་བྲེལ་རྒྱལ་ཚོགས་ཀྱི་ལས་འགན་ནང་ཞུགས་པའི་དམག་དོན་མི་སྣའི་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་པར་འདོད། གྲོས་ཚོགས་ནས་གནད་འགག་གི་ཐུན་མོང་ལྟ་ཚུལ་བཀོད་པ་དང་། ཕྱོགས་སོ་སོས་ཆབ་སྲིད་དང་ཕྱི་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ཏེ། རིགས་དེ་འདྲའི་དོན་རྐྱེན་ཡང་བསྐྱར་མི་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དྲུག་གིས་ལེ་པཱ་ནུན་དམག་དཔུང་གི་ལེ་པཱ་ནུན་གྱི་གཏན་འཇགས་ཐད་ཀྱི་ཁས་ལེན་དམ་བཅའ་བསྐྱར་སྒྲོག་བྱས་པ་དང་། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་མ་འོངས་པར་འབྲེལ་བའི་ཆོད་དོན་གང་ཡིན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་ཐུན་མོང་གིས་འདོན་དགོས་པ་ནན་བཤད་བྱས། དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དྲུག་གིས་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གིས་འཁྲུག་རྩོད་ཁྲོད་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་བེད་སྤྱད་ནས་རང་ཉིད་ལ་འགེབས་སྲུང་བྱེད་མི་འོས་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།