དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སློབ་གྲྭ་ཞིག་ལ་འགས་གཏོར་བཏང་སྟེ་ཉུང་མཐར་ཡང་མི17རྐྱེན་ལམ་དུ་ཤོར།
2024.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས17ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་ཅེ་པཱ་ལེ་ཡེ་ཡུལ་གྱར་བའི་སྒར་སའི་སློབ་གྲྭ་ཞིག་ལ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི17རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར།

བསྒྲགས་པ་ལྟར་ན། སློབ་གྲྭ་དེར་ཡུལ་འཁྱམས་བྱེད་པའི་མང་ཚོགས་བསྡུས་ཡོད་ཅིང་། དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ལས་སློབ་གྲྭའི་ནང་གི་གནས་སྐབས་ཀྱི་རས་གུར་སྐོར་ཞིག་མེར་འབར་བ་དང་མང་ཚོགས་ལ་ཤི་རྨས་བཟོས་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལས་ད་རུང་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་ཡི་ཡུལ་འཁྱམས་པ་སྡོད་སའི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས17ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་མཁའ་དམག་གིས་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏིའི་དྲག་ཆས་པའི་སྡོད་གནས་ཤིག་ལ་གཅིག་བསྡུས་ཀྱིས་གནད་ལ་འཁེལ་བའི་ཆམ་ཕབ་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བཀོད་འདོམ་དང་ཚོད་འཛིན་ལྟེ་གནས་དེ་དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་བྱ་བར་འཆར་འགོད་དང་ལག་བསྟར་བྱེད་སར་བཀོལ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་།