ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་གྲོས་མིས་དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ནས་སྡེ་བ་གང་ཡང་བཙན་བཟུང་ཐུབ་མེད་པའི་ཚུལ་བསྟན།
2024.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་གྲོས་མི་ཧྥ་ཏི་ལཱ་ལཱ་ཡིས་ཚེས17ཉིན་གྲོས་ཁང་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་ས་ངོས་དཔུང་འཇུག་སྤེལ་བའི་ཚུན་ལ། སྡེ་བ་གང་རུང་བཙན་བཟུང་ཐུབ་མེད་ཟེར།

ཧྥ་ཏི་ལཱ་ལཱ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་འདས་པའི་ཟླ་ངོ་གཅིག་གི་ནང་ཀྲིན་ཀྲུའུ་ཏང་ལ་གཅིག་བསྡུས་དཔུང་འཇུག་བྱས་ཀྱང་། འགོག་རྒོལ་རྩ་འཛུགས་ཀྱིས་སྔར་བཞིན་སྟོབས་ཤུགས་ཆེན་པོ་སྲུང་འཛིན་བྱས་ཡོད་ལ། གཡུལ་ས་རུ་འགོག་རྒོལ་འཐབ་མོ་བ་མང་བོས་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ཧྥ་ཏི་ལཱ་ལཱ་ཡིས་བཤད་རྒྱུར། ལེ་པཱ་ནུན་གྱི་གྲོས་དཔོན་མུས་ཁཱ་ཐིས་ཀྱིས་རྒྱལ་སྤྱིའི་ཆེད་མངག་ཕོ་ཉ་དང་མཉམ་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། ང་ཚོས་གྲོས་དཔོན་པེ་ལི་དང་མཉམ་དུ་གྲོས་གཞི་གཙོ་བོ་དེར་དོ་སྣང་བྱེད་བཞིན་ཡོད་ཟེར།

ཚེས17ཉིན། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ལེ་པཱ་ནུན་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་སྡེ་བ་དང་མཁར་གྲོང་མང་བོར་འཇབ་རྒོལ་བྱས་ཟེར།

དེའི་ཞོར་དུ་ཀྲིན་ཀྲུའུ་ཏང་གིས་གསལ་སྒྲོག་སྤེལ་ནས། ཁོ་ཚོས་དབྱི་སི་རལ་གྱི་དམག་མིའི་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་འདུས་སྡོད་བྱེད་ས་འགར་འཇབ་རྒོལ་བྱས་པ་དང་། ཁོ་ཚོས་ད་རུང་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་འཕུར་མདའ་བཀོལ་ནས་དབྱི་སི་རལ་གྱི་ཐན་ཁི་འཁོར་ལོ་གཉིས་ལ་འཇབ་རྒོལ་བྱས་ཡོད་ལ། ཐན་ཁི་འཁོར་ལོ་དེ་གཉིས་མེར་འབར་བ་དང་མི་སྣར་ཤི་རྨས་བཟོས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།