དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་དང་དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡིས་ཚེས17ཉིན་གྱི་དགོང་མོར་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མགོ་ཁྲིད་པ་ཞིན་ཝ་ཨར་ཅཱ་ཧྲ་ས་ཁུལ་གྱི་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ཁྲོད་བསད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཞིན་ཝ་ཨར་ནི་དབྱི་སི་རལ་གྱི་དམག་དཔུང་གིས་ཚེས16ཉིན་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ཅིག་གི་ཁྲོད་བསད་པ་དང་། ཞིན་ཝ་ཨར་གྱིས་ན་ནིང་ཟླ10བའི་ཚེས7ཉིན་ཧཱ་མཱ་སིའི་དྲག་ཆས་མི་སྣས་དབྱི་སི་རལ་ལ་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ལ་འཆར་འགོད་དང་ལག་བསྟར་བྱས་པ་དང་། དབྱི་སི་རལ་གྱི་མི་མང་བོ་དམར་གསོད་དང་བཀག་འཇུག་བྱས་པར་འགན་ཁུར་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཞིན་ཝ་ཨར་འདས་པའི་ལོ་གཅིག་གི་ནང་ཅཱ་ཧྲ་ས་ཁུལ་གྱི་ས་འོག་ཕུག་ལམ་སོགས་སུ་སྦས་སྐོང་བྱས་ཡོད་པ་དང་། ཉེ་བའི་གཟའ་འཁོར་འགའི་ནང་དབྱི་སི་རལ་གྱི་དམག་དཔུང་དང་དབྱི་སི་རལ་གྱི་བདེ་འཇགས་དམག་དཔུང་གིས་གསང་འཕྲིན་གཞིར་བཟུང་ནས་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་ཧཱ་མཱ་སིའི་མཐོ་རིམ་ཁོངས་མི་སྦས་སྐོང་བྱེད་སར་དམག་དོན་འགུལ་སྐྱོད་སྤེལ་བ་རེད། དབྱི་སི་རལ་གྱི་དམག་དཔུང་གིས་ས་ཁུལ་དེ་ནས་ཧཱ་མཱ་སིའི་དྲག་ཆས་མི་སྣ་གསུམ་བསད། བེམ་པོར་ངོས་འཛིན་བྱས་རྗེས། དེའི་ནང་གི་མི་གཅིག་ཞིན་ཝ་ཨར་ཡིན་པ་ཐག་གིས་ཆོད་ཡོད་ཟེར།
ཉིན་དེའི་སྔ་དྲོར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་འགུལ་སྐྱོད་ཁྲོད་དྲག་ཆས་མི་སྣ་གསུམ་བསད་པ་དང་། མིག་སྔར་དེའི་ནང་གི་མི་གཅིག་ཞིན་ཝ་ཨར་ཡིན་མིན་ལ་དཔྱད་ཞིབ་བྱེད་བཞིན་ཡོད་ཟེར། དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཁཱ་ཚི་ཡིས་དེའི་རྗེས་སུ་བདེན་དཔང་བྱས་དོན། ཞིན་ཝ་ཨར་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ནས་སྤེལ་བའི་འགུལ་སྐྱོད་ཁྲོད་བསད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།