ཨེ་ཅིབ་ཀྱི་ཙུང་ཐུང་གིས་ཕྱོགས་ཡོངས་ནས་ས་ཁུལ་གྱི་འཐབ་འཁྲུག་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས17ཉིན་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཀི་ཆི་ལ་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། ས་ཁུལ་རང་གི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བར་བཀག་འགོག་བྱས་ནས། ཕྱོགས་ཡོངས་ནས་ས་ཁུལ་གྱི་འཐབ་འཁྲུག་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། སེ་ཞི་ཡིས་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། མུ་མཐུད་དུ་རྒྱལ་སྤྱིའི་འདུམ་འགྲིག་བྱ་བར་ཤུགས་སྣོན་བྱས་ཏེ་ཅཱ་ཧྲ་ས་ཁུལ་དང་ལེ་པཱ་ནུན་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་ལ། འཁྲུག་རྩོད་དེ་སྔར་ལས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་ཟེར།

ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཉིན་དེར་ཨ་ལཱ་ཀི་ཆི་དང་མཉམ་དུ་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་འགྱུར་བ་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས། ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་གྲོས་མོལ་བྱེད་སྐབས་བསྐྱར་སྒྲོག་བྱས་དོན། ཨེ་ཅིབ་ཀྱིས་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་བཙུགས་ནས་ས་ཁུལ་གྱི་འཁྲུག་རྩོད་དེའི་འབྱུང་རྩ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། ཨེ་ཅིབ་ཀྱིས་ལེ་པཱ་ནུན་གྱི་བདག་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

གཞན་ཡང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་ལཱ་ཀི་ཆི་དང་ཨེ་ཅིབ་ཀྱི་མགོ་ཁྲིད་པས་གྲོས་མོལ་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ལེ་པཱ་ནུན་དང་ཕཱ་ལེ་སི་ཐན་མི་དམངས་ཀྱི་དཀའ་སྡུག་མཇུག་སྒྲིལ་ནས་འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་ལཱ་ཀི་ཆི་ཚེས16ཉིན་གྱི་དགོང་མོར་ཁེ་རོ་རུ་འབྱོར་ནས་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། ཨ་ལཱ་ཀི་ཆི་ཡིས་ཉེ་སྔོན་ཨེ་ཅིབ་དང་ལེ་པཱ་ནུན། སི་རི་ཡཱ། སོ་ཏི་ཨ་རབ་སོགས་ས་ཁུལ་དེའི་རྒྱལ་ཁབ་བརྒྱད་ལ་འཚམས་འདྲི་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།