མའོ་ཞི་ཁོ་ཡི་ཙུང་ཐུང་གསར་བས་མའོ་ཞི་ཁོ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འབྲེལ་བ་ཧ་ཅང་བཟང་བའི་ཚུལ་བསྟན།
2024.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

མའོ་ཞི་ཁོའི་ཙུང་ཐུང་ཞིན་པའོ་མུའུ་ཡིས་ཚེས17ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། མའོ་ཞི་ཁོ་དང་ཀྲུང་གོའི་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་འབྲེལ་བ་ཧ་ཅང་བཟང་ཟེར།

ཞིན་པའོ་མུའུ་ཡིས་ཉིན་དེར་རྒྱལ་ས་མའོ་ཞི་ཁོ་ནས་བསྡུས་པའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། མའོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་མའོ་ཞི་ཁོའི་ལྷོ་ཕྱོགས་ཀྱི་དྲག་རླུང་གི་གནོད་འཚེ་ཐེབས་པའི་ས་ཁུལ་ལ་རོགས་སྐྱོར་བྱས་པར་བཀ་འདྲིན་ཞུ་བཞིན་ཡོད། མའོ་ཞི་ཁོའི་སྲིད་གཞུང་གསར་བའི་སྡེ་ཁག་སོ་སོས་ཀྲུང་གོའི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ། མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཕྱི་ཕྱོགས་སྲིད་ཇུས་གླེང་སྐབས་ཁོ་མོས་བསྟན་དོན། མའོ་ཞི་ཁོའི་སྲིད་གཞུང་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་ལངས་ཕྱོགས་ནི་ཞི་བདེ་བརྩོན་ལེན་བྱེད་རྒྱུ་དེ་ཡིན་པ་དང་། གོང་གི་ལངས་ཕྱོགས་དེ་མིག་སྔའི་འཛམ་གླིང་གི་གནས་བབ་འོག་གལ་འགངས་ཧ་ཅང་ཆེ་ཟེར།

ཞིན་པའོ་མུའུ་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་ད་རུང་ཁྱབ་བསྒྲགས་བྱས་དོན། མའོ་ཞི་ཁོ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཆེད་དོན་གྱི་རུལ་སུངས་ངོ་རྒོལ་སྡེ་ཁག་བཙུགས་ནས། སྤྱི་བའི་ཉོ་བསྡུའི་གསལ་ཚད་མཐོར་འདེགས་དང་སྲིད་གཙང་གསོ་སྦྱོང་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཟླ10བའི་ཚེས་གཅིག་ཉིན། ཞིན་པའོ་མུའུ་ཡིས་དམ་བཅའ་བཞག་སྟེ་མའོ་ཞི་ཁོའི་ཙུང་ཐུང་གི་འགན་ཁུར་ཏེ་མའོ་ཞི་ཁོའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་ཐོག་མར་གྱུར།


བསོད་ནམས་ཚེ་རིང་གིས་བསྒྱུར།