ཁུ་པཱའི་ཚ་ནུས་གློག་འདོན་བཟོ་གྲྭ་ཞིག་ཏུ་གློ་བུར་དུ་ཆག་སྐྱོན་བྱུང་ནས་རྒྱལ་ཡོངས་ལ་གློག་ཆད།
2024.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཁུ་པཱའི་ནུས་ཁུངས་དང་གཏེར་ལས་པུའུ་ཡིས་ཚེས18ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། རྒྱལ་ཁབ་དེའི་ཚ་ནུས་གློག་འདོན་བཟོ་གྲྭ་ཨན་ཏུང་ནེ་ཨོ་ཅི་ཐི་ལཱ་སི་ཚ་ནུས་གློག་འདོན་བཟོ་གྲྭར་ཉིན་དེའི་སྔ་དྲོར་གློ་བུར་དུ་ཆག་སྐྱོན་བྱུང་ནས། རྒྱལ་ཡོངས་ཀྱི་གློག་ཤུགས་མ་ལག་ལ་གློག་ཆད་ཡོད་ཟེར།

ཁུ་པཱའི་ནུས་ཁུངས་དང་གཏེར་ལས་པུའུ་ཡི་གློག་ཤུགས་ཀྱི་འགན་ཁུར་བ་ལཱ་སཱ་ལོ་ཀི་ལཱ་ཡིས་ཉིན་དེར་ཁུ་པཱ་རྒྱལ་ཁབ་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མིག་སྔར་རྒྱལ་ཡོངས་ཀྱི་ཚ་ནུས་གློག་འདོན་བཟོ་གྲྭ་དང་གློག་འདོན་འཕྲུལ་ཆས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། ས་ཁུལ་མང་བོའི་གློག་འདོན་སླར་གསོ་བྱེད་པར་ཚོད་འཛིན་བྱེད་བཞིན་ཡོད་ཟེར་ཡང་། ཁོས་གློག་ཤུགས་མ་ལག་གིས་དུས་ནམ་ཞིག་ལ་གཏན་འཇགས་ངང་གློག་འདོན་ཐུབ་པ་གསལ་བོར་བསྒྲགས་མེད།

ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། རྒྱལ་ཁབ་ཀྱི་མགོ་ཁྲིད་རིམ་པས་ནུས་ཁུངས་ཀྱི་གློ་བུར་བའི་དོན་རྐྱེན་དེ་ཐག་གཅོད་བྱེད་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་བཀག་སྡོམ་ཐེབས་པའི་དབང་གིས་དུས་ཡུན་རིང་བོར་ཁུ་པཱ་ཡིས་འབར་རྫས་ནང་འདྲེན་བྱེད་དཀའ་བ་དང་རྙིང་འགྱུར་གྱི་གློག་འདོན་བཟོ་གྲྭའི་སྒྲིག་ཆས་ལ་ཞིག་གསོ་བྱེད་དཀའ་བར་གྱུར་ནས་རྒྱལ་ཡོངས་ཀྱི་གློག་ཤུགས་མཁོ་འདོན་ཅུང་ཚབས་ཆེན་ཡིན་པར་མངོན།


བསོད་ནམས་ཚེ་རིང་གིས་བསྒྱུར།