འཇར་མན་གྱི་ཙུང་ལི་ཡིས་ངེས་པར་དུ་བྱང་ཆིངས་རྩ་འཛུགས་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཁྲོད་ཀྱི་འཐབ་འཁྲུག་བྱེད་མཁན་དུ་མི་འགྱུར་བར་འགན་སྲུང་བྱེད་དགོས་པའི་ཚུལ་བསྟན།
2024.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཚེས18ཉིན་པའོ་ལིན་ནས་བསྟན་དོན། འཇར་མན་གྱིས་མུ་མཐུད་དུ་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་ཡང་། ངེས་པར་དུ་བྱང་ཆིངས་རྩ་འཛུགས་དེ་འཐབ་འཁྲུག་བྱེད་མཁན་དུ་གྱུར་ནས་གནོད་འཚེ་སྔར་ལས་ཆེན་པོ་མི་འགྱུར་བར་སྔོན་འགོག་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

ཧྲའོ་ཨར་ཚི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་མཉམ་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་དབུས་ཤར་ས་ཁུལ་གྱི་གནས་བབ་སོགས་ལ་གྲོས་མོལ་བྱས། ཧྲའོ་ཨར་ཚི་ཡིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ད་ལྟ་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་དབུས་ཤར་ས་ཁུལ་གྱི་གནས་བབ་དང་ས་གནས་ཀྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་པའི་དགོས་གལ་ཆེ་བར་མངོན་ཟེར།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་གཉིས་ཉིན་དེར་པའོ་ལིན་དུ་འབྱོར་ཡོད་ལ། འཇར་མན་དང་ཨ་མེ་རི་ཁ། ཧྥ་རན་སི། དབྱིན་ཇི་བཅས་རྒྱལ་ཁབ་བཞིའི་འགོ་ཁྲིད་པས་གྲོས་མོལ་བྱས་པ་དང་མཉམ་འབྲེལ་གསལ་སྒྲོག་སྤེལ། གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་སོ་སོས་ཝུའུ་ཁི་ལན་ལ་རྗེས་མཐུད་ཀྱི་བདེ་འཇགས་རོགས་སྐྱོར་དང་དཔལ་འབྱོར་རོགས་སྐྱོར། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བཅས་འདོན་སྤྲོད་བྱེད་པའི་འཆར་གཞིར་གྲོས་བསྡུར་བྱས་པ་དང་། དེའི་ནང་ཉར་འཇོག་བྱས་པའི་ཨུ་རུ་སིའི་རྒྱུ་ནོར་བཀོལ་ནས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་འདུས། ཕྱོགས་སོ་སོས་ད་རུང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་བཏོན་པའི་རྒྱལ་ཁའི་འཆར་གཞིར་གྲོས་བསྡུར་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱས་ནས་དྲང་བདེན་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་རྒྱུ་ནན་བཤད་བྱས།

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་བཞིའི་མགོ་ཁྲིད་པས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་འགོ་ཁྲིད་པ་ཞིན་ཝ་ཨར་ཤི་བའི་ཤུགས་རྐྱེན་ལ་གྲོས་བསྡུར་བྱས་པར་མ་ཟད། དབྱི་ལིང་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་ཛ་དྲག་ཏུ་འགྱུར་བར་ཇི་ལྟར་སྔོན་འགོག་བྱེད་པའི་ཐད་ནས་མཐུན་སྦྱོར་བྱས། ཕྱོགས་སོ་སོས་བལྟས་ན་ངེས་པར་དུ་ཕྱོགས་ཡོངས་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལག་བསྟར་བྱས་ཏེ། ལེ་པཱ་ནུན་དང་དབྱི་སི་རལ་མཐའ་མཚམས་ཕྱོགས་གཉིས་ཀྱི་མི་སེར་དཀྱུས་མ་དག་བདེ་འཇགས་ངང་ཕྱིར་རང་ཁྱིམ་ལ་ལོག་པར་འགན་སྲུང་བྱེད་དགོས་པར་འདོད།

ཨ་མེ་རི་ཁའི་དྲག་རླུང་གི་གནོད་འཚེའི་ཤུགས་རྐྱེན་དབང་གིས་པེད་ཏིན་གྱིས་ཐེངས་འདིར་འཇར་མན་དུ་འཚམས་འདྲི་བྱེད་པའི་འགྲུལ་བཞུད་དུས་ཚོད་ཇེ་ཐུང་དུ་བཏང་ཡོད་ལ། འཇར་མན་ནས་བསྡད་པའི་དུས་ཡུན་དུས་ཚོད24ཡང་འགོར་མེད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།