ཁྲའོ་ཞན་གྱིས་སར་ལྷུང་བའི་མི་མེད་གནམ་གྲུ་རྙེད་པ་དང་ཧན་གོའི་དམག་བཀོལ་མི་མེད་གནམ་གྲུ་ཡིན་པ་ཐག་གཅོད་བྱས།
2024.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས19ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པས་ཚེས18ཉིན་སྤེལ་བའི་གནས་ཚུལ་ལས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་མིག་སྔར་ཕེན་རང་ནས་སར་ལྷུང་བའི་མི་མེད་གནམ་གྲུ་ཞིག་རྙེད་པ་དང་། རྟོག་ཞིབ་བྱས་པ་བརྒྱུད་ཧན་གོས་དེའི་སྔོན་གཏོང་འཕེན་བྱས་པའི་དམག་བཀོལ་མི་མེད་གནམ་གྲུ་ཡིན་པར་ཐག་བཅད། དེ་ལས་ཧན་གོའི་དམག་ཕྱོགས་ཀྱིས་ཁྲའོ་ཞན་གྱི་བདག་དབང་ལ་གནོད་སྐྱེལ་བའི་དཀྲུག་འཕེན་འགུལ་སྐྱོད་སྤེལ་བ་བདེན་དཔང་བྱེད་ཐུབ་ཟེར།

རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པས་བསྒྲགས་པ་ལྟར་ན། ཁྲའོ་ཞན་བདེ་འཇགས་སྡེ་ཁག་གིས་སྐོར་ཞིབ་བྱེད་སྐབས་སར་ལྷུང་བའི་མི་མེད་གནམ་གྲུའི་ཆག་རོ་རྙེད་པ་དང་། ཆེད་ལས་མི་སྣས་ལག་རྩལ་གསལ་འབྱེད་དང་དབྱེ་ཞིབ་བྱས་པ་བརྒྱུད། མི་མེད་གནམ་གྲུ་དེ་ནི་ཧན་གོའི་དམག་ཕྱོགས་ཀྱི་མི་མེད་གནམ་གྲུའི་དམག་སྤྱི་ཁང་གི་སྒྲིག་ཆས་ཏེ་རྒྱང་བསྟེན་མྱུལ་ཞིབ་ཏུ་བཀོལ་བའི་མི་མེད་གནམ་གྲུ་ཆུང་བ་ཡིན་པ་རེད་ཟེར།

བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱོགས་ཀྱིས་མི་མེད་གནམ་གྲུ་དེའི་ཕྱི་དབྱིབས་དང་འཕུར་སྐྱོད་ཀྱི་དུས་ཚོད། གནམ་གྲུའི་འོག་གི་བསྒྲགས་ཡིག་གཏོར་སའི་སྣོད་བཅས་ལ་གཞིགས་ཏེ། མི་མེད་གནམ་གྲུ་དེ་ནི་ཕེན་རང་གྲོང་ཁྱེར་ལྟེ་གནས་སུ་བསྒྲགས་ཡིག་གཏོར་བའི་མི་མེད་གནམ་གྲུ་ཡིན་པ་ཐག་གཅོད་བྱས་ཡོད་ཀྱང་། མིག་སྔར་གྲོས་ཐག་བཅད་པའི་ཆོད་དོན་སྤེལ་མེད་ཟེར།

ཧན་གོའི་དམག་ཕྱོགས་ཀྱིས་ཚེས19ཉིན་བསྟན་དོན། ཁྲའོ་ཞན་ཕྱོགས་ཀྱི་བཤད་ཚུལ་དེར་དམིགས་ནས། ཁས་ལེན་དང་ཡང་ན་ངོ་རྒོལ་བྱེད་པའི་རིན་ཐང་ཅི་ཡང་མེད་ཟེར།

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡིས་ཚེས11ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཧན་གོའི་མི་མེད་གནམ་གྲུས་ཁྲའོ་ཞན་གྱི་མཁའ་ཁོངས་སུ་བཙན་འཛུལ་བྱས་པར་རྒོལ་གཏམ་བཏང་།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཀྱང་ཉིན་དེར་བསྒྲགས་པ་ལྟར་ན། ཧན་གོའི་རྒྱལ་སྲུང་པུའུ་ཀྲང་ཅིན་ལུང་ཞན་གྱིས་བསྟན་དོན། ཧན་གོའི་དམག་ཕྱོགས་ཀྱིས་ཁྲའོ་ཞན་ལ་མི་མེད་གནམ་གྲུ་བཏང་མེད། མིག་སྔར་གནས་ཚུལ་དེའི་བྱེ་བྲག་གི་གནད་དོན་གསལ་བོར་མི་ཤེས་ལ། རྟོག་ཞིབ་བྱེད་པའི་སྒང་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།