མཱ་ཆི་ཏོན་བྱང་མའི་ཟས་རིགས་དང་ཕྱུགས་སྨན་ཅུའུ་ཡིས་ཚེས19ཉིན་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ས་སི་ཁི་ཕུའུ་ལི་ཡི་སྲོག་ཆགས་གླིང་ག་དེ་འགོ་སླ་བའི་བྱ་ནད་དབང་གིས་གནས་སྐབས་སུ་སྒོ་བརྒྱབ།
བསྒྲགས་པ་ལྟར་ན། ཟས་རིགས་དང་ཕྱུགས་སྨན་ཅུའུ་ཡི་ལས་བྱེད་མི་སྣས་ཕྱི་ནས་འཕུར་ཡོང་བའི་ངང་དཀར་ཞིག་སྲོག་ཆགས་གླིང་གའི་ཆུ་རྫིང་དུ་བབས་པ་དང་། དེའི་ལུས་སྟེང་དུ་བྱ་ནད་ཀྱི་ནད་དུག་འགོས་ཡོད་པ་ཁས་ལེན་བྱས། ཟས་རིགས་དང་ཕྱུགས་སྨན་ཅུའུ་ཡིས་དེའི་རྗེས་སུ་ཚེས19ཉིན་སྲོག་ཆགས་གླིང་ག་དེའི་སྒོ་བརྒྱབ་པ་དང་། ཞོར་དུ་ལས་བྱེད་མི་སྣ་གླིང་ག་དེར་མངགས་ནས་ཆུ་རྫིང་ནང་གི་བྱ་གག་པ་དང་ངང་དཀར། ཁྱིམ་བྱ་སོགས་འདབ་ཆགས་བཅུ་ཕྲག་འགའ་གསོད་དུ་བཅུག་ཡོད་ཟེར།
ཟས་རིགས་དང་ཕྱུགས་སྨན་ཅུའུ་ཡིས་བསྟན་དོན། བྱ་རིགས་དེ་དག་ཚར་གཅོད་བྱས་པ་ནི་རིམས་ནད་ཚོད་འཛིན་གྱི་དགོས་མཁོའི་དབང་གིས་ཡིན་ལ་སྲོག་ཆགས་གླིང་ག་དེ་ཉིན21རིང་སྒོ་བརྒྱག་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།