ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་ཙུང་ལིའི་སྒེར་གྱི་སྡོད་གནས་སུ་མི་མེད་གནམ་གྲུ་གཏོང་འཕེན་བྱས།
2024.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཉིན་དེའི་སྔ་དྲོར་དབྱི་སི་རལ་བྱང་ཕྱོགས་ཀྱི་ཁའེ་སཱ་ལེ་ཡཱ་གྲོང་ཁྱེར་དུ་མི་མེད་གནམ་གྲུ་གཏོང་འཕེན་བྱས་པ་དང་། དམིགས་འབེན་ནི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡི་གྲོང་ཁྱེར་དེར་ཡོད་པའི་སྒེར་གྱི་སྡོད་གནས་ཡིན་པ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་ནེ་ཐཱ་ནི་ཡཱ་ཧུའུ་བཟའ་ཟླ་གཉིས་ཁྱིམ་དུ་མེད་པ་དང་། དོན་རྐྱེན་དེ་ལས་མི་སྣར་ཤི་རྨས་བཟོས་མེད་ཟེར།

གཞན་ཡང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། མི་མེད་གནམ་གྲུས་ཁའེ་སཱ་ལེ་ཡཱ་ཡི་སྡོད་ཁང་ཞིག་ལ་གཏོར་བཤིག་བཏང་ཡོད་ཟེར། དབྱི་སི་རལ་གྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། སྡོད་ཁང་དེ་ནི་ནེ་ཐཱ་ནི་ཡཱ་ཧུའུ་ཡི་སྡོད་གནས་མིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།