སུའུ་ཏན་གྱིས་གནམ་གྲུ་ཐང་བཞི་སྒོ་འབྱེད་བྱས་ཏེ་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པར་བཀོལ།
2024.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་སྲིད་གཞུང་གིས་ཁཱ་སཱ་ལཱ་དང་ཏུང་ཀུའུ་ལཱ། ཨིག་པེད་དབྱེ་ཏི། ཁཱ་ཏུའུ་ཀི་ལེ་བཅས་གནམ་གྲུ་ཐང་བཞི་སྒོ་འབྱེད་བྱས་ཏེ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་བདེ་བླག་ངང་སུའུ་ཏན་གྱི་དགོས་མཁོ་ཡོད་པའི་མིའི་ལག་ཏུ་འབྱོར་བར་སྟབས་བདེ་བཟོ་བར་ཡིད་འཐད་བྱུང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དེའི་སྔོན་སྒོ་འབྱེད་བྱས་པའི་སུའུ་ཏན་གྲུ་ཁའི་གནམ་གྲུ་ཐང་དང་མེད་ལོ་ཝེ་གནམ་གྲུ་ཐང་རྩིས་ན། སུའུ་ཏན་སྲིད་གཞུང་གིས་ད་ལྟའི་བར་གནམ་གྲུ་ཐང་དྲུག་དང་སྐམ་སའི་རྒྱུ་ལམ་བདུན་མི་ཆོས་རིང་ལུགས་རོགས་སྐྱོར་ལས་ཁུངས་ཀྱིས་བེད་སྤྱོད་བྱེད་པར་ཆོག་མཆན་བཀོད་ཡོད་པ་རེད།

སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཟོལ་མེད་སྒོས་སུའུ་ཏན་ལ་དངོས་པོ་དང་ནོར་སྲིད་ཀྱི་རོགས་སྐྱོར་བྱེད་པའི་དམ་བཅའ་ལག་བསྟར་བྱེད་དགོས་པར་མ་ཟད། སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ལ་གནོན་ཤུགས་བྱིན་ནས། དེའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་བར་བཀག་རྒྱ་བཟོ་བ་དང་མི་སེར་དཀྱུས་མར་འགས་གཏོར་གཏོང་བ་སོགས་མི་ཆོས་དང་མི་མཐུན་པའི་བྱ་སྤྱོད་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།

2023ལོའི་ཟླ4བའི་ཚེས15ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་རྒྱལ་ས་ཁཱ་ཐུའུ་མུའུ་ནས་དྲག་ཆས་འཁྲུག་རྩོད་བྱས་པ་དང་། འཁྲུག་རྩོད་དེ་ཅང་མ་འགོར་བར་ས་ཁུལ་གཞན་དུ་མཆེད་པ་རེད། ལོ་ངོ་གཅིག་ལྷག་འགོར་བའི་དྲག་ཆས་འཁྲུག་རྩོད་དེ་ལས་སུའུ་ཏན་གྱི་མི་ཁྲི་གཉིས་དང་སྟོང་བཞི་བརྒྱད་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་བྱེ་བ་གཅིག་དང་འབུམ་བཞི་ཁྲི་གཉིས་ཡུལ་འཁྱམས་བྱེད་བཞིན་ཡོད་ལ། མི་གྲངས་ཀྱི་ཕྱེད་ཀའི་ཡན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་སྲུང་སྐྱོབ་མཁོ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།