ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས19ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་ཀྱི་པེད་ཐི་ལཱ་ཞེ་ཡེ་སྡོད་དམངས་འདུས་སྡོད་ས་ཁུལ་དུ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི73རྐྱེན་ལམ་དུ་ཤོར་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་དེ་ལས་ད་རུང་མི་བཅུ་ཕྲག་འགའ་ལ་རྨས་ཕོག་པའམ་གར་སོང་རྙེད་མེད། དེའི་ནང་མང་ཆེ་བ་ནི་བྱིས་པ་དང་བུད་མེད་རེད་ཟེར། གསལ་སྒྲོག་ལས་ད་རུང་བསྟན་དོན། ཨ་མེ་རི་ཁ་དང་དབྱིན་ཇི། འཇར་མན། ཧྥ་རན་སི་སོགས་རྒྱལ་ཁབ་ཀྱིས་དབྱི་སི་རལ་གྱིས་བཟོས་པའི་ནག་ཉེས་ལ་འགན་ཡོངས་སུ་ཁུར་དགོས་ཟེར།
ཉེ་སྔོན་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་མུ་མཐུད་དུ་གཅིག་བསྡུས་ཆམ་ཕབ་བཏང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་གྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་ཀྲུའུ་རིན་ཆེད་དོན་པ་ལཱ་ཀྲ་ལི་ནེ་ཡིས་ཚེས19ཉིན་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཚེས18ཉིན་ཡང་བསྐྱར་མི་ཁྲི་གཉིས་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཅེ་ཕཱ་ལེ་ཡེ་ཡུལ་གྱར་བའི་སྒར་ས་ནས་མི་འབྲོ་ཐབས་མེད་བྱུང་ཡོད་ལ། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་ཁྱབ་ཁོངས་ཆེན་མོར་འཕྲིན་གཏོང་དང་དྲ་རྒྱ་ཆད་ཡོད་པར་མ་ཟད། སྨན་ཁང་མང་བོར་འབར་སྣུམ་དང་སྨན་བཅོས་ཡོ་བྱད་ཧ་ཅང་དཀོན་ཟེར།
ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས19ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ན་ནིང་ཟླ10བའི་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་ཕྱོགས་ཀྱི་མི་ཁྲི་བཞི་དང་སྟོང་གཉིས་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གཅིག་ལྷག་ལ་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།